ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དང་མར་ཁེ་སི་སྐུ་འཁྲུངས་ནས་ལོ་༢༠༠


༄༅།། བདུན་ཕྲག་འདིའི་གཟའ་སྤེན་པ་སྟེ། ཕྱི་ཟླ་༥་ཚེས་༥་ཉིན་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ཀྱི་མཚན་ཉིད་རིག་པའི་སྲོལ་འབྱེད་པ་ཀལ་མར་ཁེ་སི་སྐུ་འཁྲུངས་ནས་ལོ་༢༠༠་འཁོར་པའི་དུས་དྲན་ཡིན་པ་དང་། ༢༠༡༢་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་གི་སྤྱི་ཚོགས་སུ་མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་ཡང་དག་པ་ཡིན། རྒྱ་ནག་གི་འཕེལ་རྒྱས་ལ་མར་ཁེ་སིའི་ལྟ་གྲུབ་ཀྱིས་ལམ་སྟོན་བྱེད་ཐུབ་ཅེས་མར་ཁེ་སིའི་གཞུང་ལུགས་ལ་བསྔགས་བརྗོད། ད་དུང་མར་ཁེ་སིའི་མི་ཚེའི་ལོ་རྒྱུས་མཚོན་པའི་མུ་འབྲེལ་རི་མོ་བྲིས་ནས་རྒྱ་ནག་གི་ས་གནས་ཁག་ཏུ་འགྲེམ་སྟོན་བྱེད་པ་དང་རྒྱ་ནག་མི་དམངས་ལ་རང་གི་སྤྱི་ཚོགས་རིང་ལུགས་ཀྱི་འབྱུང་རྩ་བརྗེད་མི་ཉན་པའི་དྲན་སྐུལ་གཏོང་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་རེད། དེང་སྐབས་རྒྱ་ནག་གིས་རང་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞེས་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་རྒྱ་ནག་གི་སྤྱི་ཚོགས་ཧྲིལ་བོ་དངོས་པོ་ལོངས་སྤྱོད་ནས་དབུལ་ཕྱུག་གི་ཁྱད་པར་སོགས་མ་རྩ་རིང་ལུགས་ཀྱི་རྣམ་པས་ཡོངས་སུ་མངོན་ཞིང་། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲོག་བཞིན་པའི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་ཁ་གཡང་དང་དོན་དངོས་ཀྱི་སྲིད་ཇུས་ལག་བསྟར་གཉིས་ལ་འགལ་ཟླ་ཆེན་པོ་ཡོད་པ་དེ་ལ་བལྟས་ནས་ཉམས་ཞིབ་པ་ཕལ་ཆེ་བས་རྒྱ་ནག་གི་འགོ་ཁྲིད་ཚོ་སེམས་གཏིང་དུ་སྤྱི་ཚོགས་རིང་ལུགས་དང་མར་ཁེ་སིའི་གཞུང་ལུགས་ལ་ཡིད་ཆེས་མེད་པ་དང་། རྒྱ་ནག་གཞུང་གིས་གཙིགས་སུ་འཛིན་ས་ནི་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད། ཡིན་ནའང་ཞིས་ཅིན་ཕིང་གིས་རྒྱ་ནག་ལ་སླར་ཡང་མའོ་ཙེ་ཏུང་གི་དུས་སྐབས་སུ་དམར་ཤོག་ཚོགས་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱེད་སྲོལ་ཡོད་པ་སླར་གསོ་བྱས་ཏེ། ཕྱི་ཟླ་༥་ཚེས་༢་ཉིན་ཞིས་ཅིན་ཕིང་རྒྱ་ནག་གི་པེ་ཅིང་སློབ་ཆེན་ལ་གཟིགས་ཞིབ་ཏུ་ཕེབས་ནས་༡༩༢༡་ལོར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་མར་ཁེ་སི་རིང་ལུགས་དར་སྤེལ་བཏང་བའི་གསར་བརྗེའི་ལོ་རྒྱུས་དང་ཆབ་སྲིད་ཀྱི་ལས་འགུལ་ཁག་ལ་རྒྱ་ནག་གི་ཤེས་ཡོན་སློབ་གླིང་ཁག་གིས་ངེས་པར་དུ་སྤོབས་པ་སྐྱེ་དགོས། ང་ཚོས་ངེས་པར་དུ་མར་ཁེ་སིའི་གཞུང་ལུགས་ལ་སློབ་སྦྱོང་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་ལྟ་གྲུབ་དང་ལག་ལེན་གཉིས་ངོས་ཟིན་དགོས་ཞེས་གཏམ་བཤད་བྱས་པའི་གནས་ཚུལ་ཐོན་འདུག ད་ལྟ་མར་ཁེ་སི་སྐུ་འཁྲུངས་ནས་ལོ་༢༠༠་འཁོར་གྲབས་ཡོད་པའི་སྐབས་འདིར་རྒྱ་ནག་གཞུང་གིས་མར་ཁེ་སི་རིང་ལུགས་ལ་སློབ་སྦྱོང་བྱ་དགོས་པའི་ལམ་ལུགས་སླར་གསོ་བྱས་པ་ན་གཞོན་དང་སློབ་ཕྲུག་ཚོར་དམིགས་ཡོད་པ་སྟེ། གཟའ་འཁོར་འདིར་རྒྱ་ནག་གི་རྒྱང་སྲིང་ལས་ཁང་གིས་མར་ཁེ་སི་ཡང་དག་པ་ཡིན་ཞེས་གླེང་མོལ་གྱི་ལེ་ཚན་ཞིག་འགོ་ཚུགས་ནས་མར་ཁེ་སིའི་རྩོམ་ཡིག་ལྗགས་ཀློག་དང་གསུང་རྩོམ་དཔར་འགྲེམ་གྱི་བྱེད་སྒོ་མང་དག་ཅིག་སྤེལ་གྱིན་ཡོད་པ་མ་ཟད། རྒྱ་ནག་གི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཀྱང་མར་ཁེ་སིའི་གསུང་རྩོམ་ཀློག་པ་པོ་རྣམས་གདན་འདྲེན་ཞུས་ནས་གསུང་རྩོམ་ལས་ཀྱང་རྩོམ་པ་པོའི་མི་ཚེའི་ལོ་རྒྱུས་ཏེ། མར་ཁེ་སིའི་ན་གཞོན་དུས་སྐབས་དང་གཉེན་སྒྲིག མར་ཁེ་སི་སྐབས་ཤིག་ཆང་གིས་བཟི་ནས་བཀག་ཉར་བྱས་པ་རྣམས་མུ་འབྲེལ་རི་མོའི་ལམ་ནས་སྟོན་གྱིན་ཡོད་པ་དང་། ད་ལྟའི་རྒྱ་ནག་གི་སྤྱི་ཚོགས་ལ་འཚམས་པའི་མར་ཁེ་སིའི་ཆབ་སྲིད་དྲིལ་བསྒྲགས་རྣམས་ལག་བསྟར་བྱེད་ཀྱིན་ཡོད་ལ། ཉམས་ཞིབ་པ་ཚོས་རྒྱ་ནག་མི་དམངས་ཀྱི་གྲས་སུ་མར་ཁེ་སི་རིང་ལུགས་དང་སྤྱི་ཚོགས་རིང་ལུགས། གུང་ཁྲན་རིང་ལུགས་བཅས་ལ་ཡིད་ཆེས་དང་རྩ་འཛིན་བྱེད་མཁན་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ཐ་ན་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་སུ་ཞུགས་མཁན་དག་ཀྱང་ལྟ་བ་དང་ལངས་ཕྱོགས་ཀྱི་ཆེད་དུ་མིན་པར་གོ་གནས་དང་ཁེ་ཕན། རྒས་ཕོགས་སོགས་ཀྱི་དོན་དུ་ཡིན་པས་རྒྱ་ནག་གི་འགོ་ཁྲིད་ཚོར་བློ་འཚབ་ཡོང་གི་ཡོད་པའི་རྟགས་མཚན་ཞིག་ཡིན། རྒྱ་ནག་དུ་མར་ཁེ་སི་རིང་ལུགས་ལ་སློབ་སྦྱོང་བྱ་རྒྱུ་སླར་གསོ་བྱེད་ཀྱིན་ཡོད་པ་གུང་ཁྲན་ཏང་གི་སྲིད་དབང་སྲ་བརྟན་གཏོང་རྒྱུའི་ཆེད་དུ་ཡིན་པའི་གླེང་སློང་བྱེད་ཀྱིན་ཡོད་པ་རེད།།

XS
SM
MD
LG