ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བོད་ཀྱི་ཡིག་གཟུགས་ཉིན་མོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


དེ་རིང་སྤྱི་ཟླ་༤་པའི་ཚེས་༣༠་ཉིན་ནི་བོད་ཀྱི་ཡིག་གཟུགས་ཉིན་མོ་ཡིན་པས་བོད་ནང་གི་དགོན་སྡེ་ཁག་དང་སློབ་གྲྭ་ཁག མི་སྒེར་པ། དེ་བཞིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་ལ་རྩེ་དཔེ་མཛོད་ཁང་དང་ཨོ་གླིང་བཅས་བོད་ཕྱི་ནང་གཉིས་སུ་བོད་ཀྱི་ཡིག་གཟུགས་ཉིན་མོར་སྲུང་བརྩི་དང་ཡིག་གཟུགས་དཔེ་མཚོན་ཁྱད་དུ་འཕགས་པ་རྣམས་འགྲེམ་སྟོན་བྱས་ཡོད་པ་རེད། ཁ་གྱའི་ཁྱུང་སྔོན་ཞེས་པའི་འཕྲིན་སྟེགས་སུ་གནས་ཚུལ་འཁོད་ཡོད་པ་ལྟར་ན་སྤྱི་ཚེས་༢༩་ཉིན་རྔ་ཡུལ་སྒོ་མང་སྒར་དུ་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་གཉིས་པ་བསུ་བའི་མཛད་སྒོ་རྒྱས་པ་ཞིག་འཚོགས་ནས་ཡུལ་དངོས་སུ་ཡིག་གཟུགས་སྣ་ཚོགས་འབྲི་སྦྱོང་དང་འགྲེམ་སྟོན་སོགས་བྱས་ཡོད་ཅིང་། འཕན་ཡུལ་གླང་ཐང་དགོན་དུའང་དབུ་ཅན་དང་དབུ་མེད་གཉིས་ཀྱི་ཡིག་གཟུགས་སྣ་ཚོགས་བྲིས་ནས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་སྲུང་བརྩི་ཞུས་འདུག་པ་མ་ཟད། རེབ་གོང་དུའང་བོད་ཀྱི་ཡིག་གཟུགས་ཉིན་མོར་བསྟུན་ནས་སྤྱི་ལོ་༢༠༡༨་ལོའི་རེབ་གོང་ས་ཁུལ་གྱི་བོད་རྒྱ་ཡིག་གཟུགས་འགྲན་སྡུར་ཆེན་མོ་ཞེས་པ་ཞིག་འཚོགས་འདུག གཞན་ཡང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་བསང་ཆུ་རྫོང་མི་རིགས་སློབ་འབྲིང་། ངམ་རིང་རྫོང་སློབ་འབྲིང་། ལི་ཐང་རྫོང་གྲོང་རྡལ་སློབ་ཆུང་བཞི་པ་ལ་སོགས་པ་བོད་ནང་གི་སློབ་གྲྭ་ཁག་ཅིག་གི་ནང་དུ་ཡིག་གཟུགས་འགྲན་སྡུར་དང་ཡིག་གཟུགས་འགྲེམ་སྟོན་གྱིས་བོད་ཀྱི་ཡིག་གཟུགས་ཉིན་མོར་སྲུང་བརྩི་ཞུས་ཡོད་པ་རེད། རྒྱ་ནག་གི་ཁྲུང་ཆིན་གྲོང་ཁྱེར་དུ་ཡོད་པའི་བོད་ཕྲུག་སློབ་མ་ཚོས་ཀྱང་དུས་ཡུན་ཟླ་ངོ་གཅིག་གི་རིང་ལ་ཡིག་གཟུགས་སྣ་ཚོགས་འབྲི་སྦྱོང་དང་བསྡུ་སྒྲིག་བྱས་ནས་ཁྲུང་ཆིན་སློབ་ཆེན་དུ་བོད་ཀྱི་ཡིག་གཟུགས་འགྲེམ་སྟོན་དང་མཚམས་སྦྱོར་གྱི་ལམ་ནས་བོད་ཀྱི་ཡིག་གཟུགས་ཉིན་མོར་སྲུང་བརྩི་ཞུས་ཤིང་། བོད་པའི་སློབ་ཕྲུག་མང་པོ་ཞིག་གིས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་སྟབས་ཀྱིས་རང་གི་ལུས་ངག་ཡིད་གསུམ་ལ་རིག་གནས་གཞན་གྱི་ཤུགས་རྐྱེན་ཐེབས་བཞིན་ཡོད་ཀྱང་བོད་ཕྲུག་ཚོས་རང་གི་མི་རིགས་ཀྱི་རིག་གནས་ལ་སློབ་སྦྱོང་དང་བེད་སྤྱོད། དར་སྤེལ་གཏོང་རྒྱུའི་འགན་འཁྲི་ཡོད་པ་བརྗེད་ཀྱི་མེད་པའི་མཚོན་རྟགས་སུ་ཉིན་མོ་འདིར་སྲུང་བརྩི་ཞུས་པ་ཡིན་ཞེས་བརྗོད་འདུག གཞན་ཡང་ཁ་སང་གཟའ་ཉི་མའི་ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་ལ་རྩེ་དཔེ་མཛོད་ཁང་གི་བཀོད་སྒྲིག་འོག་ཏུ་ནེའུ་ཡོག་གྲོང་ཁྱེར་གྱི་ཤར་པའི་དགོན་པར་བོད་དང་རྒྱ་གར། བྱང་ཨ་རི། ཡུ་རོབ་བཅས་ཀྱི་ཡིག་གཟུགས་སྒྱུ་རྩལ་པ་༡༦་གིས་བྲིས་པའི་ཡིག་གཟུགས་རིགས་སྣ་ཚོགས་དང་། ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་རྩ་ཆེའི་ཕྱག་བསྟར་འཕྲིན་ཡིག བོད་ཀྱི་སྲོལ་རྒྱུན་ཡིག་ཆས་སྣ་ཚོགས་བཅས་པ་འགྲེམ་སྟོན། ཡིག་གཟུགས་འབྲི་སྟོན་པ་ཚོས་བྱིས་པ་ཚོར་ཡིག་གཟུགས་ཁྲིད་སྟོན་ཀྱི་བྱེད་སྒོ་སྤེལ་བ་བཅས་ཀྱི་སྒོ་ནས་བོད་ཀྱི་ཡིག་གཟུགས་ཀྱི་ཉིན་མོར་སྲུང་བརྩི་ཞུས་འདུག གཞན་ཡང་སྐད་འཕྲིན་གཙོས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུའང་བོད་པ་སྒེར་པ་མང་པོ་ཞིག་གིས་བོད་ཀྱི་ཡིག་གཟུགས་ཉིན་མོར་སོ་སོའི་བུ་ཕྲུག་གི་མཉམ་དུ་བོད་ཡིག་གི་ཡིག་གཟུགས་སྣ་ཚོགས་འབྲི་བར་སློབ་སྦྱོང་བྱེད་པ་དང་། ཡིག་གཟུགས་སྣ་ཚོགས་བྲིས་ནས་དྲ་ལམ་དུ་འཇོག་པ་སོགས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཐེངས་གཉིས་པ་སྲུང་བརྩི་རྒྱ་ཆེན་པོ་ཞིག་ཞུས་ཡོད་པ་རེད། བོད་ཀྱི་ཡིག་གཟུགས་ཉིན་མོ་ནི་སྤྱི་ལོ་༢༠༡༧་ལོར་དེང་གི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཚུགས་པའི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གིས་གཙོ་སྐྱོང་གནང་ཞིང་། བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་མོའི་གྲྭ་སྒྲིག་ཚོགས་ཆུང་གི་མཐུན་འགྱུར་འོག་ཏུ་བསྡུས་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་སྟེང་དུ་གཏན་ལ་ཕབ་ཞིག་རེད་ལ། ༢༠༡༧་ལོའི་སྤྱི་ཟླ་༤་པའི་ཚེས་༡༥་དང་༡༦་བཅས་ཉིན་གཉིས་ཀྱི་རིང་ལ་བསྡུས་པའི་བགྲོ་གླེང་ཚོགས་འདུའི་ཐོག་ཏུ་མང་མོས་ཀྱིས་ཐག་གཅོད་ལྟར་དུས་ཆེན་གྱི་མིང་ལ་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་། བོད་ཡིག་གི་དབྱངས་བཞི་དང་གསལ་བྱེད་སུམ་བཅུའི་མཚོན་ཆེད་དུས་ཆེན་གྱི་ཉིན་མོ་འདི་ལོ་རེའི་སྤྱི་ཟླ་༤་བའི་ཚེས་༣༠་ཉིན་སྤེལ་རྒྱུ་གཏན་འབེབས་བྱུང་ཡོད་པ་རེད།།

XS
SM
MD
LG