ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བྱང་ཀོ་རི་ཡར་རྒྱང་བསྒྲགས་གཏོང་རྒྱུ་མཚམས་འཇོག


༄༅།། བདུན་ཕྲག་འདིའི་གཟའ་པ་སངས་ཉིན་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་གཉིས་ས་མཚམས་ཀྱི་ཞི་བདེའི་ཁང་དུ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་དང་། ཕྱི་ཟླ་༤་ཚེས་༢༣་ཉིན་ལྷོ་ཀོ་རི་ཡའི་གཞུང་གིས་རང་གི་ས་མཚམས་སུ་བྱང་ཀོ་རི་ཡར་ཁ་གཏད་ནས་བཙུགས་ཡོད་པའི་རྒྱང་བསྒྲགས་རྣམས་གློག་སྒོ་བརྒྱབ་སྟེ། གཟའ་འཁོར་འདིའི་ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ལ་འགལ་རྐྱེན་མི་འབྱུང་བའི་གཟབ་ནན་བྱེད་ཀྱི་ཡོད་པ་དང་། ༢༠༡༦་ནས་བཟུང་སྟེ་ལྷོ་ཀོ་རི་ཡའི་གཞུང་གིས་རང་གི་ས་མཚམས་སུ་བཙུགས་ཡོད་པའི་རྒྱང་བསྒྲགས་ནང་དུ་བྱང་ཀོ་རི་ཡར་དེང་སྐབས་ཀྱི་གླུ་གཞས་རྒྱང་སྲིང་བྱ་རྒྱུ་མཚམས་བཞག་མེད་ཅིང་། བྱང་ཀོ་རི་ཡའི་གཞུང་གིས་ཀྱང་ལྷོ་ཀོ་རི་ཡར་ཁ་གཏད་ནས་རླུང་འཕྲིན་རྒྱང་བསྒྲགས་དང་ལྒང་བུ་ཆེན་པོར་ལྷོ་ཀོ་རི་ཡར་ཁ་རྡུང་གཏོང་བའི་ཡིག་ཆ་བཏགས་ནས་ལྷོ་ཕྱོགས་སུ་གཏོང་གི་ཡོད་པ་དང་། ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཞིག་གིས་ང་ཚོས་བྱང་ཀོ་རི་ཡར་རྒྱང་བསྒྲགས་གཏོང་རྒྱུ་མཚམས་འཇོག་བྱས་པར་བྱང་ཀོ་རི་ཡའི་ཕྱོགས་ནས་ཀྱང་བཟང་ལན་སློག་སྟེ་ཆབ་སྲིད་ཀྱི་དྲིལ་བསྒྲགས་བྱ་རྒྱུ་མཚམས་འཇོག་བྱ་ཐུབ་པའི་རེ་བ་ཡོད་ཅེས་བཤད་འདུག ཡོན་ཧོབ་གསར་འགྱུར་ལས་ཁང་གིས་བྱང་ཀོ་རི་ཡས་དངོས་སུ་ཁྱབ་བསྒྲགས་མ་བྱས་ཀྱང་ལྷོ་ཀོ་རི་ཡར་ཁ་གཏད་ནས་བཙུགས་ཡོད་པའི་རྒྱང་བསྒྲགས་མང་པོ་ཞིག་གློག་སྒོ་བརྒྱབ་ཟིན་པ་དང་།

ལྷོ་ཀོ་རི་ཡའི་ཕྱོགས་སུ་བྱང་ཀོ་རི་ཡའི་དྲིལ་བསྒྲགས་ཀྱི་རླུང་འཕྲིན་རེ་ཟུང་ལས་ཐོས་རྒྱུ་མི་འདུག་ཅེས་གནས་ཚུལ་སྤེལ་རུང་ལྷོ་ཀོ་རི་ཡའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོས་བྱང་ཀོ་རི་ཡའི་རླུང་འཕྲིན་དེ་དག་མཚམས་བཞག་ཡོད་མེད་འཕྲལ་དུ་ངེས་གཏན་བྱ་ཐུབ་མེད་མོད། འོན་ཀྱང་སྔ་ལོ་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་ཐེངས་དྲུག་པ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་ཐེངས་གསུམ་བྱས་པའི་རྗེས་སུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀར་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་རྣམ་འགྱུར་བསྟན་ཏེ། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཀྱང་རང་གི་འོས་འདེམས་ལས་འགུལ་སྐབས་ཀྱི་ཁས་ལེན་དམ་བཅའ་རྣམས་ལག་ལེན་བསྟར་ནས་བྱང་ཀོ་རི་ཡར་ཞི་བའི་གྲོས་མོལ་བྱེད་པའི་སྲིད་ཇུས་ཤིག་ལེན་བསྟར་གྱི་ཡོད་པ་རེད། ཕྱི་ཚེས་༢༧་འདིར་ཀིམ་ཇུང་ཨུན་དང་མུན་ཅེ་དབྱིན་གཉིས་ཐུག་འཕྲད་བྱེད་ཀྱི་ཡོད་པ་ནི་ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་ཚོ་ཐུག་འཕྲད་བྱུང་བ་ཐེངས་གསུམ་པ་ཡིན་ཞིང་། ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ཐུག་འཕྲད་གྲོས་མོལ་རྗེས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་མ་ཟད། ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཀྱང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་དང་སྣེ་ལེན་གཟབ་རྒྱས་ཞུས་ཏེ། ད་བར་རྒྱལ་སྤྱིའི་ཐོག་ཏུ་ངོས་ལེན་མེད་པར་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་ཀིམ་ཇུང་ཨུན་འཛམ་གླིང་གི་གནད་ཡོད་འགོ་ཁྲིད་ཚོར་ཐུག་འཕྲད་ཐུབ་པའི་གོ་སྐལ་ཞིག་ཤར་ཡོད་པ་དང་། ཉི་ཧོང་གཞུང་གིས་ཀྱང་སྲིད་བློན་ཤཱིན་ཟོ་ཨ་བྷེ་དང་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་བྱ་དགོས་ཞེས་བྱང་ཀོ་རི་ཡར་འབྲེལ་བ་བྱེད་ཀྱི་ཡོད་པ་རེད། བདུན་ཕྲག་སྔོན་མར་ལྷོ་བྱང་ཀོ་རི་ཡའི་གྲ་སྒྲིག་ལས་སྣེ་ཚོ་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རིམ་པའི་ཐུག་འཕྲད་གྲོས་མོལ་ཐད་ཀར་བརྙན་འཕྲིན་ནང་དུ་རྒྱང་སྲིང་བྱ་རྒྱུའི་གྲོས་མཐུན་བྱུང་བ་དང་། དེ་རིང་ཕྱི་ཟླ་༤་ཚེས་༢༣་ཉིན་ལྷོ་བྱང་ཀོ་རི་ཡའི་གྲ་སྒྲིག་ལས་སྣེ་ཚོ་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རིམ་པའི་ཐུག་འཕྲད་གྲོས་མོལ་ལ་སྣེ་ལེན་ཞུ་སྟངས་དང་གསོལ་སྟོན་གཤོམ་སྟངས། ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་གཉིས་ཀྱི་དངོས་གཞིའི་གྲོས་མོལ་བྱེད་ཕྱོགས་བཅས་ཀྱི་གོ་རིམ་ཁག་ལ་གྲོས་མཐུན་བྱུང་འདུག ཡིན་ནའང་བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་ཡིན་མིན་དང་རྡུལ་ཕྲན་གྱི་ལས་གྲྭ་ཁག་སྒོ་རྒྱག་རྒྱུ་ཡིན་མིན། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་བཏང་བ་དང་རྡུལ་ཕྲན་གྱི་ལས་གྲྭ་ཁག་སྒོ་བརྒྱབ་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྣེ་ཚོར་པར་ཆས་བཙུགས་ནས་དུས་ནས་དུས་སུ་རྟོག་ཞིབ་བྱེད་དུ་འཇུག་རྒྱུ་ཡིན་མིན། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་སོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་འཕྲལ་དུ་ཕྱིར་འཐེན་བྱ་འཆར་ཡོད་མེད། ཨ་མི་རི་ཀས་བྱང་ཀོ་རི་ཡར་བཙན་འཛུལ་བྱ་རྒྱུ་མིན་པའི་ཁས་ལེན་དང་ཕྱི་འབྲེལ་འཛུགས་རྒྱུ་ཡིན་མིན། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ། ཉི་ཧོང་དང་རྒྱ་ནག་བཅས་ཀྱིས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་ཟེར་པའི་ཆ་རྐྱེན་ལ་བྱང་ཀོ་རི་ཡས་ངོས་ལེན་བྱ་རྒྱུ་ཡིན་མིན། ལྷོ་ཀོ་རི་ཡའི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཕྱིར་འཐེན་བྱ་དགོས་ཞེས་བྱང་ཀོ་རི་ཡས་ཆ་རྐྱེན་འཇོག་རྒྱུ་ཡིན་མིན། ཐ་ན་ཀོ་རི་ཡའི་གླིང་ཟུར་ལ་དམག་འཁྲུག་མེད་པར་ཞི་བདེ་བརྟན་ལྷིང་ཞིག་བསྐྲུན་ཐུབ་རྒྱུ་ཡིན་མིན་སོགས་སུ་གཅིག་གིས་ཀྱང་ཚོད་དཔག་དཀའ་བའི་གནས་སུ་གྱུར་ཡོད་པ་རེད།།

XS
SM
MD
LG