ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

འགོག་དཀའ་བའི་རྒྱ་གར་གྱི་སྤྱི་ཚོགས་ཀྱི་བཙན་གཡེམ།


༄༅།། རྒྱ་གར་གྱི་ཉེན་རྟོག་པ་ཚོས་མི་འགའ་ཞིག་གིས་བུ་མོ་ལོ་ཆུང་ཞིག་ལ་བཙན་གཡེམ་བྱས་ནས་བསད་པའི་ཉེས་ཅན་པ་རྣམས་རྩད་གཅོད་བྱེད་ཀྱི་ཡོད་ཀྱང་བུ་མོ་དེའི་གདོང་ལྤགས་བཀོག་པ་དང་ལུས་པོ་དུམ་བུར་གཏུབས་པ། ཕུང་པོར་བལྟས་ན་བུ་མོ་དེ་ལོ་ན་༩་ནས་༡༡་ཡས་མས་ཤིག་ཡིན་པའི་ཚོད་དཔག་ཐུབ་ཀྱང་བུ་མོ་དེར་མིང་དང་ཁྱིམ་ཚང་གི་ཁ་བྱང་། ཐ་ན་ལུས་སྟེང་དུ་ཨང་གྲངས་ཤིག་ཀྱང་མེད་པས་ས་གནས་ཉེན་རྟོག་པ་ཚོས་བུ་མོ་ལོ་ཆུང་དེ་སུ་ཡིན་མིན་ངོ་ཐག་གཅོད་དཀའ་བའི་གནས་སུ་གྱུར་འདུག བུ་ལོ་ཆུང་དེར་བཙན་གཡེམ་བྱ་ཡུལ་རྒྱ་གར་ནུབ་ཕྱོགས་ཀྱི་གུ་ཇི་རཏ་མངའ་སྡེའི་སུ་ར་ཏ་གྲོང་ཁྱེར་གྱི་རྩེད་ཐང་ཞིག་གི་ཉེ་འགྲམ་གྱི་ནགས་ཁྲོད་དུ་བྱུང་ཞིང་། བུ་མོ་དེའི་ལུས་སྟེང་ན་རྨ་རྗེས་༨༦་ཡོད་པར་སྨན་པ་ཚོས་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན་བུ་མོ་ལོ་ཆུང་དེ་ཤི་ནས་ཉུང་མཐའ་ཡང་ཉི་མ་དྲུག་ཡས་མས་ཤིག་ཕྱིན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་གར་གྱི་ཉེན་རྟོག་པ་ཚོས་མི་འགའ་ཞིག་གིས་བུ་མོ་ལོ་ཆུང་དེ་ནགས་ཁྲོད་དུ་བཙན་ཉར་བྱས་ནས་རྡུང་རྡེག་བཏང་བ་དང་བཙན་གཡེམ་ལན་མང་བྱས་པ། ཁོ་ཚོས་བུ་མོ་དེ་ཉི་མ་༡༠་ཡས་མས་ཤིག་ལ་ཉར་འཛིན་བྱས་ནས་མཐའ་མཇུག་བསད་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་ཀྱང་ཕུང་པོ་རྙེད་སར་འཕག་འཚག་བརྒྱབ་པའི་རྟགས་མཚན་ཅི་ཡང་རྙེད་མེད་པ་རེད། རྒྱ་གར་གྱི་གུ་ཇི་ར་ཏ་མངའ་སྡེ་གཅིག་པུར་ལོ་ལྟར་བྱིས་པ་༨༠༠༠་ལྷག་བོར་བརླག་འགྲོ་བཞིན་ཡོད་ཀྱང་མངའ་སྡེ་གཞུང་དང་ས་གནས་ཁག་གི་ཉེན་རྟོག་ལས་ཁང་ཁག་གིས་བྱིས་པ་བོར་བརླག་གི་ཉེས་དོན་འགོག་ཐུབ་ཀྱི་མེད་ཅིང་། རྒྱ་གར་གྱི་སྤྱི་ཚོགས་སུ་ཕོ་མོ་མང་ཉུང་གི་ཁྱད་པར་ཆེན་པོ་ཡོད་པ་སྟེ། བྱིས་པ་བུ་༡༡༢་ལ་བུ་མོ་༡༠༠་མེད་པས་རྒྱ་གར་གྱི་མི་འབོར་ཁོངས་སུ་སྐྱེས་པ་མང་བ་ཡོད་པ་དང་སྤྱི་ཡོངས་མི་འབོར་ལ་གཞིགས་ན་སྐྱེས་པའི་གྲངས་འབོར་དེར་བུད་མེད་ས་ཡ་༦༣་གྱིས་འདང་གི་མེད་པས་བུད་མེད་ལ་བཙན་གཡེམ་ཕོག་གི་ཡོད་པའི་འབྱུང་རྩ་ཕོ་མོ་མང་ཉུང་གི་ཁྱད་པར་ལ་ཐུག་འདུག་ཅེས་ཉམས་ཞིབ་སྙན་ཐོ་ཐོན་འདུག རྒྱ་གར་རྒྱལ་ཡོངས་སུ་བཙན་གཡེམ་དང་བྱིས་པ་བཙན་ཁྲིད་ཀྱི་དོན་རྐྱེན་འབྱུང་ས་སྡུག་ཤོས་ཤིག་རྒྱ་གར་བྱང་ཕྱོགས་ཀྱི་ཧ་རི་ཡ་ན་མངའ་སྟེ་ཡིན་པ་དང་། ལོ་འདིའི་ཕྱི་ཟླ་དང་པོ་གཅིག་པུར་ལོ་ན་༥༠་ཅན་གྱི་སྐྱེས་པ་ཞིག་དང་ལོ་ན་༡༠་ལ་སོན་པའི་བུ་མོ་ཞིག ལོ་༡༥་ཅན་གྱི་བུ་ཆུང་ཞིག་དང་བུ་མོ་ལོ་༣་དང་ཕྱེད་ཀ་ཅན་ཞིག གཉེན་སྒྲིག་ཟིན་པའི་ན་གཞོན་པ་ལོ་ན་༢༠་ཅན་ཞིག་དང་ལོ་ན་༢༤་ལ་སོན་པའི་ཕོ་གསར་ཞིག་བཅས་བཙན་ཁྲིད་བྱས་ནས་བསད་པ་དང་བཙན་གཡེམ་བྱས་ནས་བསད་པའི་ཕུང་པོ་རྣམས་འབྲས་ཤིང་ནང་དུ་རྙེད་འདུག ཕྱི་ཟླ་དང་པོའི་ནང་རྒྱ་གར་གྱི་ཀ་ཤི་མིར་ས་གནས་ཀྱི་ཁ་ཆེ་བུ་མོ་ལོ་༨་ཅན་ཞིག་ཀྱང་བཙན་ཁྲིད་བྱས་པ་དང་ཧིན་རྡུ་ཆོས་ལུགས་ཀྱི་ལྷ་ཁང་ཞིག་ཏུ་ཉར་འཛིན་བྱས་ནས་བཙན་གཡེམ་ལན་མང་བྱས་ཏེ། མཐར་ཁ་ཆེའི་བུ་མོ་དེ་བསད་ནས་ཕུང་པོ་ནགས་ཁྲོད་དུ་གཡུགས་པ་དང་། དེ་ནི་ཁ་ཆེ་ཚོས་རང་གི་རྭ་ལུག་རྣམས་ཧིན་རྡུ་མཚོའི་རྩྭ་སའི་ཐོག་ཏུ་འཚོ་སྐྱོང་མི་ཆོག་ཅེས་ཉེན་བརྡ་བཏང་བ་ཞིག་ཡིན་ཞིང་། རྒྱ་གར་རྒྱལ་ཡོངས་སུ་བཙན་གཡེམ་ཕོག་ཡུལ་བརྒྱ་ཆ་༤༠་ཐམ་པ་བུ་མོ་ལོ་ཆུང་རྣམས་ཡིན་པ་དང་། ༢༠༡༢་ནས་༢༠༡༦་བར་དུ་རྒྱ་གར་གྱི་བུད་མེད་ན་གཞོན་མ་དང་ཕྲུ་གུ་ལ་བཙན་གཡེམ་ཕོག་རྒྱུ་ལྡབ་གཉིས་ལྷག་འཕར་སྣོན་སོང་འདུག ༢༠༡༢་ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཕོ་གསར་འགའ་ཞིག་གིས་རླངས་འཁོར་ནང་དུ་སློབ་ཕྲུག་ན་གཞོན་མ་ཞིག་བཙན་གཡེམ་བྱས་ནས་དམར་གསོད་བྱས་པའི་གསར་འགྱུར་དེ་ཉིད་འཛམ་གླིང་ཡོངས་སུ་ཁྱབ་པས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་གར་ལ་ལྟ་ཚུལ་ཧ་ཅང་ངན་པ་ཞིག་བྱུང་ཞིང་། རྒྱ་གར་གྱི་སྲིད་བློན་ར་རན་དྷ་ར་མོ་དྷིས་རང་ཡུལ་གྱི་བུ་མོ་རྣམས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། བཙན་གཡེམ་བྱེད་མཁན་ཚོར་ཁྲིམས་གཅོད་དྲག་པོ་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱེད་ཀྱི་ཡོད་རུང་ཁྲིམས་འགལ་དང་བཙན་གཡེམ། མི་གསོད་ཁྲག་སྦྱོར་གྱི་ཉེས་དོན་མང་པོ་ཞིག་ལ་རྒྱ་གར་གྱི་སྲིད་དོན་པ་དང་དབང་ཐང་ཅན་ཚོ་འབྲེལ་བ་ཡོད་པའི་སྟབས་ཀྱིས་བཙན་གཡེམ་འབྱུང་རྒྱུ་འགོག་ཐུབ་ཀྱི་མེད་པ་དང་། ད་དུང་རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་རིག་གཞུང་གིས་བཙན་གཡེམ་ལ་བཀག་སྡོམ་བྱེད་ཀྱི་མེད་པ། ལྷག་པར་དུ་རྒྱ་གར་ལ་རིགས་རུས་དང་གྲལ་རིམ་གྱི་ཁྱད་པར། ཆོས་ལུགས་ཀྱི་དབྱེ་བ་བཀར་པ་ནས་འབྱོར་ལྡན་དང་འབྱོར་མེད་པའི་ཁྱད་པར་ཆེ་བའི་སྤྱི་ཚོགས་དེར་བྱིས་པ་བོར་བརླག་དང་བུ་མོ་ལོ་ཆུང་དང་བུད་མེད་ལ་བཙན་གཡེམ་ཕོག་གི་ཡོད་པར་གཞུང་དམངས་གཉིས་ཀས་དོ་སྣང་ནན་པོ་ཞིག་བྱེད་ཐུབ་ཀྱི་མེད་པ་རེད།།

XS
SM
MD
LG