ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀུ་པའི་དབང་འཛིན་ཁྱིམ་ཚང་གི་སྲིད་དབང་མཇུག་སྒྲིལ།


༡༩༥༩་ནས་ཨ་མི་རི་ཀའི་ལྷོ་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཀུ་པའི་ཡུལ་ལུང་དེར་དམར་ཤོག་གི་གསར་བརྗེ་ལངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་སྐྱོང་ལམ་ལུགས་ཤིག་ཚུགས། འདས་པའི་ལོ་༦༠་ཙམ་གྱི་རིང་ལ་ཀུ་པ་རྒྱལ་ཁབ་ལ་ཁེ་སི་ཊི་རོ་ཕུ་ནུ་གཉིས་ཀྱིས་སྲིད་དབང་བཟུང་ནས་ཀུ་པའི་མི་རབས་གཅིག་གིས་ཁེ་སི་ཊི་རོ་ཕུ་ནུ་གཉིས་ལས་འགོ་ཁྲིད་གཞན་པ་ཞིག་ངོ་མི་ཤེས་པ་དང་ཁེ་སི་ཊི་རོ་ཁྱིམ་ཚང་ལས་དབང་འཛིན་ཁྱིམ་ཚང་གཞན་ཞིག་བློ་ཡུལ་དུ་འཆར་གྱི་མེད་མོད། འོན་ཀྱང་ད་ལྟ་འཐུས་མི་༦༠༥་ཡོད་པའི་ཀུ་པའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ཚོས་ར་ཧུལ་ཁེ་སི་ཊི་རོའི་རྗེས་འཛིན་པ་ཞིག་བསྐོ་བཞག་བྱ་རྒྱུ་དང་། ལོ་ན་༨༦་ལ་སོན་པའི་ར་ཧུལ་ཁེ་སི་ཊི་རོ་སྲིད་འཛིན་གྱི་ལས་གནས་ནས་བགྲེས་ཡོལ་ལ་ཕེབས་ཀྱང་ཀུ་པའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་གོ་གནས་སྔར་བཞིན་འཛིན་རྒྱུ། གཟའ་ཕུར་བུའི་ཉིན་ཀུ་པའི་གྲོས་ཚོགས་ཀྱིས་སྲིད་འཛིན་གསར་པའི་འོས་མི་ཕྱིར་བསྒྲགས་བྱེད་ཀྱི་ཡོད་ཀྱང་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་ལོ་ན་༥༧་ལ་སོན་པའི་སྲིད་འཛིན་གཞོན་པ་མཱི་གྷེལ་ཌི་ཡ་ཟི་ཁེ་ནེལ་ཀུ་པའི་སྲིད་འཛིན་གསར་པར་བསྐོ་བཞག་བྱ་རྒྱུ། འདི་ནི་ར་ཧུལ་ཁེ་སི་ཊི་རོས་ཀུ་པ་རྒྱལ་ཁབ་ལ་ཆབ་སྲིད་ཀྱི་འཕོ་འགྱུར་ཆེན་པོ་ཞིག་བཏང་བ་མིན་རུང་གཟབ་ནན་གྱི་སྲིད་དབང་འཕོ་འགྱུར་ཞིག་ཡིན། ལྷག་པར་དུ་ཀུ་པ་རྒྱལ་ཁབ་ལ་སྲིད་དོན་ཚོགས་པ་གཅིག་གིས་དབང་སྒྱུར་བྱེད་པའི་ལམ་ལུགས་ཞིག་དར་ཡོད་པ་རྒྱུན་གནས་སྲ་བརྟན་གཏོང་བར་དགོས་ངེས་ཀྱི་ཆབ་སྲིད་སྒྱུར་བཅོས་ཤིག་ཡིན། ཀུ་པའི་གཞུང་གིས་སྲིད་འཛིན་གསར་པ་ཞིག་བསྐོ་བཞག་བྱ་འཆར་ཡོད་པ་མ་ཟད། འཐུས་མི་༢༣་ཡོད་པའི་དབང་འཛིན་པའི་ལས་འཛིན་ལྷན་ཁང་ཡང་སླར་གསོ་བྱ་འཆར་འདུག་ཅེས་གནས་ཚུལ་སྤེལ་བ་དང་། ཉམས་ཞིབ་པ་ཚོས་ཀུ་པའི་དབང་འཛིན་པའི་ལས་འཛིན་ལྷན་ཁང་གི་འཐུས་མི་རྣམས་མི་རབས་རྒན་པ་དང་མི་རབས་གསར་པ་གཉིས་ཀྱི་སུ་སུ་བསྐོ་བཞག་བྱ་འཆར་ཡོད་མེད་ལ་རྟོག་ཞིབ་བྱེད་ཀྱི་ཡོད་པ་རེད། ༢༠༡༦་ལོར་ཧྥི་ཌེལ་ཁེ་སི་ཊི་རོ་འདས་གྲོངས་སུ་མ་གྱུར་གོང་དེར་ཀུ་པ་རྒྱལ་ཁབ་མི་སྒེར་གུས་མཆོད་ཀྱི་ལམ་སྲོག་བཀག་ནས་རང་ལ་སྐུ་བརྙན་བཞེང་མི་དགོས་པ་དང་སྲང་ལམ་ཁག་ལ་ཁེ་སི་ཊི་རོ་སྲང་ལམ་ཞེས་མིང་འདོགས་མི་དགོས་པའི་ཁ་ཆེམས་བཞག་པས་ར་ཧུལ་ཁེ་སི་ཊི་རོ་སྲིད་འཛིན་གྱི་ལས་གནས་ནས་བགྲེས་ཡོལ་དུ་ཕེབས་པར་ཀུ་པའི་གསར་འགྱུར་ལས་ཁང་ཁག་གིས་དོ་སྣང་ཆེན་པོ་ཞིག་བྱེད་ཀྱི་མེད་པའི་རྒྱུ་རྐྱེན་ཡིན་སྲིད། ཀུ་པའི་གསར་འགྱུར་ལས་ཁང་གིས་ཁེ་སི་ཊི་རོ་ཕུ་ནུ་གཉིས་ཀྱི་བྱས་རྗེས་དང་མི་ཚེའི་ལོ་རྒྱུས་མ་གླེང་བར་མ་འོངས་པར་ཀུ་པ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་སུ་ཇི་ལྟར་ཤར་སྐྱོད་བྱ་དགོས་མིན་དང་། ཀུ་པའི་རྒྱལ་དར་དང་རྒྱལ་ཡོངས་གྲོས་ཚོགས་བསྟན་ནས་འབྱུང་འགྱུར་ལ་དམིགས་པ་གཙོ་བོ་གཏད་ཡོད་པའི་རྣམ་པ་ཞིག་བསྟན་ཡོད་པ་རེད། ཁེ་སི་ཊི་རོ་དབང་འཛིན་ཁྱིམ་ཚང་གི་སྲིད་དབང་མཇུག་བསྒྲིལ་པར་ཀུ་པ་མི་དམངས་ལ་ལྟ་ཚུལ་སྣ་ཚོགས་ཤིག་ཡོད་པ་སྟེ། ལོ་ན་༧༨་ལ་སོན་པའི་བྷི་ཡ་ཟི་ཞེས་པ་ཞིག་གིས་ངས་ལོ་རབས་༥༠་ནང་དུ་རླུང་འཕྲིན་བརྒྱུད་ནས་ཁེ་སི་ཊི་རོ་ཞེས་པའི་མིང་འདི་ཐོས་མྱོང་། དེ་དུས་ངེད་ཚང་ལ་རླུང་འཕྲིན་མེད་པར་ཁྱིམ་མཚེས་ཚོའི་ནང་དུ་རླུང་འཕྲིན་གྲག་གི་ཡོད་པ་དེ་ནས་གསར་འགྱུར་རྣམས་ཐོས་མྱོང་། ཀུ་པ་རྒྱལ་ཁབ་ལ་ཁེ་སི་ཊི་རོ་ཕུ་ནུ་གཉིས་མེད་པ་ནི་བློ་ཡུལ་ཤོང་དུ་དཀའ་བ་ཞིག་ཡིན་རུང་ང་ཚོས་ཁོང་རྣམ་པའི་དགོངས་པ་བསྒྲུབ་དགོས་ཞེས་བཤད་པ་དང་། ལོ་ན་༢༢་ལ་སོན་པའི་ཕྱུགས་ཟོག་སྨན་པ་ཞིག་དང་ལོ་ན་༤༤་ལ་སོན་པའི་ཁྱིམ་འཛིན་ཨ་མ་ཞིག་གིས་ང་ཚོར་སྒྱུར་བཅོས་གཏོང་དགོས་ཀྱིན་འདུག ད་ལྟའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཚོང་ལས་དང་དཔལ་འབྱོར་རྣམས་གཉེར་འཛིན་ཐུབ་ཀྱི་མི་འདུག་པས་ཀུ་པའི་གཞུང་གིས་མི་རབས་གསར་པ་ཚོར་སྲིད་དབང་སྤྲོད་དགོས། ཀུ་པ་རྒྱལ་ཁབ་ལ་གང་ཐད་དུ་དཀའ་ངལ་ཡོད་ཀྱང་འགྱུར་ལྡོག་གང་ཡང་ཐེབས་མེད། གལ་སྲིད་མི་རྣམས་ཚོང་ཁང་ལ་སོང་ན་ཟས་རིགས་བཙོང་རྒྱུ་མེད་པའམ། ཡང་ན་ཟས་རིགས་ཀྱི་རིན་གོང་མཐོ་དྲགས་ནས་ཉོ་མི་ཐུབ་ཅེས་ཀུ་པའི་གནས་སྟངས་ལ་སྐྱོན་བརྗོད་བྱས་འདུག ལོ་ན་༢༢་ལ་སོན་པའི་ཆར་ལི་ཞེས་པའི་ཕོ་གསར་ཞིག་གིས་མི་རབས་གསར་པའི་འགོ་ཁྲིད་ཚོ་ལའང་རེ་བ་དེ་ཙམ་འཆང་རྒྱུ་མེད། མ་རྩ་རིང་ལུགས་ནི་ཀུ་པ་རྒྱལ་ཁབ་ལ་འོས་འཚམས་མེད་པ་དང་མ་རྩ་རིང་ལུགས་ཀྱིས་ཁུངས་མི་འཁྱོལ། ང་ཚོར་མིག་གིས་མཐོང་མྱོང་མེད་པའི་ཚོན་མདོག་གསར་པ་ཞིག་མཐོང་འདོད་ཡོད་ཀྱང་དེ་ལ་གཟབ་ནན་བྱ་དགོས། སྲིད་འཛིན་གསར་པ་ཌི་ཡ་ཟ་ཁེ་ནེལ་གྱིས་ཀུ་པ་མི་དམངས་ལ་དགོས་ངེས་ཀྱི་སྒྱུར་བཅོས་ཤིག་གཏོང་སྲིད་པའི་རེ་བ་འཆང་ཆོག ཡིན་ནའང་དེ་ལ་དུས་ཚོད་འགོར་སྲིད་ཅེས་བརྗོད་འདུག

XS
SM
MD
LG