ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་དམག་སྦྱོང་དང་ཐེ་ཝན་གྱི་བདེ་འཇགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཕྱི་ཟླ་༤་ཚེས་༡༨་ཉིན་རྒྱ་ནག་གིས་ཐེ་ཝན་མཚོ་འགག་ཏུ་དམག་སྦྱོང་ཆེན་པོ་ཞིག་བྱེད་འཆར་ཡོད་པ་དང་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ཨ་ཧྥི་རི་ཀའི་རྒྱལ་ཁབ་སི་ལན་ཌི་ལ་འཚམས་འདྲིར་མ་ཕེབས་གོང་དུ་ཏའོ་ཡོན་རྒྱལ་སྤྱིའི་གནམ་ཐང་དུ་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གི་དམག་སྦྱོང་དེར་ཐེ་ཝན་མི་དམངས་ཀྱིས་བློ་འཚབ་བྱེད་དགོས་དོན་མེད། ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཀ་འབྱུང་མི་སྲིད་ཅེས་བཤད་ཀྱང་རྒྱ་ནག་གཞུང་གིས་གཟའ་ལྷག་པའི་དམག་སྦྱོང་དེ་ཐེ་ཝན་རང་བཙན་ཤོག་ཁག་ལ་ཉེན་བརྡ་གཏོང་གི་ཡོད་པའི་རྣམ་འགྱུར་སྟོན་གྱི་ཡོད་ཅིང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་རྒྱ་སྐྱེད་དང་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་བཞིན་པ་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཀ་ཞིག་ཡིན་པ་སྟེ། པེ་ཅིང་གི་དབང་འཛིན་པ་ཚོས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་ཐུག་ཀྱང་ཐབས་ཇུས་དེ་ལག་ལེན་བསྟར་རྒྱུ་ཡིན་ཞེས་ཉེན་བརྡ་གཏོང་བཞིན་པ་རེད།

ཐེ་ཝན་ལ་དམངས་གཙོའི་ལམ་ལུགས་དར་པའི་རྒྱལ་ཁབ་ཅིག་གི་ཆ་རྐྱེན་ཡོངས་སུ་ཚང་ཡོད་ཀྱང་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་རང་བཙན་རྒྱལ་ཅིག་གི་ངོས་ལེན་ཐོབ་མེད། ༡༩༤༩་ལོར་གོ་མིན་ཏང་ཐེ་ཝན་མཚོ་གླིང་ལ་བྲོས་བྱོལ་དུ་སོང་ནས་མཚོ་འགག་ཕྱོགས་གཉིས་ལ་ཆབ་སྲིད་ཀྱི་ལམ་ལུགས་མ་འདྲ་བ་རེ་ཚུགས་ཡོད། ༡༩༧༩་བར་དུ་མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་རྒྱ་ནག་གི་གདན་ཐོབ་དེ་ཐེ་ཝན་གྱིས་བཟུང་རུང་མཐའ་མཇུག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་གི་གདན་ཐོབ་རྒྱ་ནག་སྐམ་ས་ཆེན་མོའི་པེ་ཅིང་སྲིད་གཞུང་ལ་ཐོབ། ལོ་དེར་ཨ་མི་རི་ཀས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་སྐམ་ས་ཆེན་མོར་ཕྱི་འབྲེལ་བཙུགས་པ་མ་ཟད། ལོ་རབས་༥༠་ནང་དུ་ཨ་མི་རི་ཀས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱ་ཆོག་ཅེས་ནང་མོལ་བྱས་པའི་བཤད་ཡམ་ཞིག་ཡོད་ཀྱང་ཅང་ཅེ་ཧྲི་ཐེ་ཝན་རང་བཙན་ལ་གཏན་ནས་མ་འཐད་དང་། ཅང་གི་རྗེས་འཛིན་པ་ཅང་ཅིན་གོའི་དུས་སུ་ཐེ་ཝན་ལ་དཔལ་འབྱོར་སྒྱུར་བཅོས་དང་དམངས་གཙོའི་སྒྱུར་བཅོས་བཏང་རུང་ཐེ་ཝན་དུ་རང་བཙན་གྱི་སྲིད་ཇུས་ལག་ལེན་བསྟར་མེད། ཅང་ཅིན་གོའི་རྗེས་འཛིན་པ་སྲིད་འཛིན་ལི་ཏིང་ཧུས་ཐེ་ཝན་ནང་རང་བཙན་གྱི་སྲིད་ཇུས་ཁག་ལག་ལེན་བསྟར་རྒྱུ་མགོ་བརྩམས་ཏེ། དེའི་གཞུག་ཏུ་སྲིད་འཛིན་ཁྲེན་ཧྲུའི་པེན་གྱིས་ཀྱང་ཐེ་ཝན་རང་བཙན་གྱི་སྲིད་ཇུས་རྒྱུན་སྐྱོང་བྱས་མོད། འོན་ཀྱང་མ་དབྱིན་ཇུག་གིས་ལོ་༨་ལ་ཐེ་ཝན་གྱི་སྲིད་དབང་བཟུང་བའི་རིང་དེར་ཐེ་ཝན་རང་བཙན་གྱི་ལས་དོན་མཐའ་དག་མཚམས་འཇོག་བྱས་པ་དང་། ཁོང་གིས་ཐེ་ཝན་གྱི་དཔལ་འབྱོར་དང་ཚོང་ལས་གཉིས་སྔར་ལས་ལྷག་པའི་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ལ་བརྟེན་དགོས་པའི་འབྲེལ་བ་ཞིག་བཟུང་བ་རེད། ༢༠༡༦་ལོར་ཚེ་དབྱིན་ཝེན་ཐེ་ཝན་གྱི་སྲིད་འཛིན་ལ་འདེམས་ཐོན་བྱུང་བས་རྒྱ་ནག་གིས་ཐེ་ཝན་མཚོ་འགག་ཏུ་དམག་སྦྱོང་དང་སྐོར་གཡེང་། རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲད་ནས་ཐེ་ཝན་དང་ཕྱི་འབྲེལ་གཅོད་དུ་འཇུག་རྒྱུ་མང་དུ་བཏང་ཡོད་པ་མ་ཟད། ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་དཔལ་འབྱོར་རོགས་རམ་མང་བ་སྤྲད་ནས་རང་ཕྱོགས་སུ་འགུགས་ཐབས་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་ཚེ་དབྱིན་ཝེན་ཨ་ཧྥི་རི་ཀའི་རྒྱལ་ཁབ་སི་ཝ་ཟི་ལན་ཌིར་ཕེབས་ནས་རྒྱལ་ཁབ་དེར་རང་བཙན་ཐོབ་ནས་ལོ་༥༠་འཁོར་པའི་དགའ་སྟོན་ལ་མཉམ་ཞུགས་གནང་སྟེ། ཁོང་གིས་ཉི་མ་བཞིའི་རིང་ལ་སི་ཝ་ཟི་ལན་ཌིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོར་ཐུག་འཕྲད་གྲོས་མོལ་བྱེད་རྒྱུ་ཡིན་པ་རེད།

རྒྱ་ནག་གཞུང་གིས་འཛམ་གླིང་འདིར་རྒྱ་ནག་གཅིག་ལས་མེད་པ་དང་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་རྒྱ་ནག་གཅིག་གི་ཁོངས་སུ་འདུ་དགོས་ཟེར་གྱི་ཡོད་རུང་སྲིད་འཛིན་ཚེ་དབྱིན་ཝེན་གྱི་སྲིད་གཞུང་གིས་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་རྩ་དོན་ལ་ཁས་ལེན་བྱས་མེད་པ་དང་། ༡༩༩༢་ལོར་ཐེ་ཝན་དང་རྒྱ་ནག་གི་སྐུ་ཚབ་ཚོས་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་ཁོངས་སུ་འདུ་དགོས་པའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཀྱང་རྒྱ་ནག་གཅིག་ཟེར་པ་དེར་མཚན་ཉིད་འཇོག་སྟངས་མཚོ་འགག་ཕྱོགས་གཉིས་ཀར་མ་འདྲ་བ་ཡོད་པ་སྟེ། པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་གཅིག་ཟེར་པ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གོ་དགོས་ཟེར་གྱི་ཡོད་རུང་ཐེ་ཝན་གཞུང་གིས་རྒྱ་ནག་གཅིག་ཟེར་པ་དེ་ཀྲུང་ཧྭ་མིན་གོ་ལ་གོ་དགོས་ཟེར་གྱི་ཡོད་ཅིང་། ༡༩༡༡་ནས་༤༩་བར་དུ་རྒྱ་ནག་རྒྱལ་ཡོངས་ལ་གོ་མིན་ཏང་གིས་དབང་སྒྱུར་བྱས་ཡོད་པ་རེད། ཉམས་ཞིབ་པ་ཚོས་རྒྱ་ནག་གི་དམག་སྦྱོང་འདི་ཐེ་ཝན་དང་ཉི་ཧོང་། ཨ་མི་རི་ཀ་བཅས་ལའང་ཉེན་བརྡ་གཏོང་བའི་ཆེད་དུ་ཡིན། བདུན་ཕྲག་སྔོན་མར་ཨ་མི་རི་ཀའི་དམག་གྲུ་ཆེན་པོ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་བཏང་ནས་རྒྱ་ནག་གིས་རྩོད་ལེན་བྱེད་བཞིན་པའི་མངའ་ཁོངས་དེར་བརྩི་མེད་བཏང་བའི་གནས་ཚུལ་བྱུང་ཡོད་པས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ནས་མངའ་ཁོངས་རྒྱ་སྐྱེད་བྱེད་ཀྱི་ཡོད་པར་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད་པ་སྟོན་ཐབས་དང་། ཉེ་བའི་ཟླ་ཤས་ཤིག་ནས་ཐེ་ཝན་དང་ཨ་མི་རི་ཀའི་འབྲེལ་བ་ཡག་ཏུ་སོང་སྟེ། ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་དང་ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོ་ཕན་ཚུན་འགྲོ་སྐྱོད་བྱེད་ཆོག་པའི་གྲོས་ཆོད་བཞག་པ། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་མཚོ་དམག་གི་རྟེན་གཞི་ལ་གཟིགས་ཞིབ་ཏུ་ཕེབས་པ་དང་། སྲིད་འཛིན་ཚེ་དབྱིན་ཝེན་གྱི་གཞུང་གིས་ཐེ་ཝན་གྱི་དམག་དོན་འགྲོ་གྲོན་སྤར་ནས་ཨ་རིའི་དེང་རབས་ཅན་གྱི་དམག་དོན་ཡོ་བྱད་དང་མཚོན་ཆ་ཉོ་རྒྱུ་མང་དུ་བཏང་སྟེ། ཨ་མི་རི་ཀས་ཐེ་ཝན་ལ་མཚོ་འོག་དམག་གྲུ་བཟོ་རོགས་བྱ་རྒྱུའི་ཁས་ལེན་བྱས་པར་རྒྱ་ནག་གིས་དགའ་མོས་བྱེད་ཀྱི་མེད་པ་དང་། ད་ལྟ་ཨ་མི་རི་ཀ་དང་ཐེ་ཝན་གཉིས་ཀས་རྒྱ་ནག་གི་དམག་སྦྱོང་ཆེན་པོ་ཞིག་བྱ་འཆར་ཡོད་པ་དེར་ལྟ་རྟོག་གཟབ་ནན་བྱེད་ཀྱིན་ཡོད་པ་རེད།།

XS
SM
MD
LG