ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཀོ་རི་ཡའི་དམག་འཁྲུག་མཇུག་སྒྲིལ་གྱི་གསལ་བསྒྲགས་སྤེལ་འཆར།


༡༩༥༠་ཐམ་པ་ནས་༥༣་བར་དུ་ལངས་པའི་ཀོ་རི་ཡའི་དམག་འཁྲུག་དེ་ཉིད་དངོས་སུ་ཆིངས་ཡིག་བཞག་ནས་མཇུག་བསྒྲིལ་པ་ཞིག་མིན་པར་གནས་སྐབས་ཀྱི་བར་མཚམས་ཤིག་བཞག་ནས་མཚམས་ཆད་པ་ཞིག་ཡིན་པས་འདས་པའི་ལོ་༦༨་ཀྱི་རིང་ལ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་དམག་འཁྲུག་རྒྱག་གྲབས་ལན་མང་བྱས་ཏེ། ཨ་མི་རི་ཀ་དང་རྒྱ་ནག ཉི་ཧོང་སོགས་ཀྱང་ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་ལ་ཞོར་འདྲུད་ཐེབས་སྲིད་པའི་ཉེན་ཀ་རིམ་པ་ཞིག་བྱུང་ཡོད། ཡིན་ནའང་ཟླ་བ་འདིའི་ཚེས་༢༧་ཉིན་ལྷོ་བྱང་ཀོ་རི་ཡའི་ས་མཚམས་ཀྱི་ཕན་མོམ་ཇོམ་ཞི་བདེའི་ཁང་དུ་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་གཉིས་ཐུག་འཕྲད་ཀྱིས་ཀོ་རི་ཡའི་དམག་འཁྲུག་གཏན་དུ་མཇུག་བསྒྲིལ་པ་ཡིན་ཞེས་ཁྱབ་བསྒྲགས་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག ལྷོ་ཀོ་རི་ཡའི་མུན་ཧྭ་ཉིན་རེའི་ཚགས་པར་ལ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གཉིས་ཀྱིས་ལྷོ་བྱང་ཀོ་རི་ཡ་གཉིས་ཀས་ཕན་ཚུན་འཁྲུག་རྩོད་སློང་རྒྱུ་མཚམས་འཇོག་བྱ་རྒྱུའི་གྲོས་མོལ་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་པ་དང་། ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ཀྱིས་ཐུག་འཕྲད་གྲོས་མོལ་ཅི་ཙམ་ཡག་ག་བྱུང་ན་དེ་ཙམ་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ལའང་ཕན་གནོད་ཀྱི་ཤུགས་རྐྱེན་ཐེབས་སྲིད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོ་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་ལས་བྱས་མྱོང་མེད་རུང་ཟླ་བ་འདིའི་ཐུག་འཕྲད་གྲོས་མོལ་ཐེངས་གསུམ་པ་དེར་འགྱུར་གྱི་ཡོད་པ་མ་ཟད། ཌོ་ནལ་ཊོམ་དང་ཀིམ་ཇུང་ཨིན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ཨ་མི་རི་ཀའི་སྲིད་འཛིན་ཞིག་དང་བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་ཅིག་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་ཐེངས་དང་པོ་དེར་འགྱུར་རྒྱུ་ཡིན་ཞིང་། ལྷོ་བྱང་ཀོ་རི་ཡ་གཉིས་དང་ཨ་མི་རི་ཀ ཉི་ཧོང་དང་རྒྱ་ནག མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གྱི་ཐུག་འཕྲད་གྲོས་མོལ་དེར་གྲུབ་འབྲས་ཅི་ཙམ་འཐོན་རྒྱུ་ཡིན་མིན་ལ་རྟོག་ཞིབ་གཟབ་ནན་བྱེད་ཀྱི་ཡོད་པ་རེད། ལྷོ་ཀོ་རི་ཡའི་ཡོན་སི་སློབ་གྲྭ་ཆེན་མོའི་རྒྱ་ནག་ཉམས་ཞིབ་ཀྱི་སློབ་དཔོན་གཞོན་པ་ཇཱོན་ཌེ་ལུ་རི་ཞེས་པ་ཞིག་གིས་བརྗོད་དོན། ཀོ་རི་ཡའི་དམག་འཁྲུག་དེ་ཉིད་གཏན་དུ་མཇུག་བསྒྲིལ་པ་ཡིན་ཞེས་ཁྱབ་བསྒྲགས་བྱ་རྒྱུ་གནད་འགག་གཙོ་བོ་ཡིན། ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་དེ་ལ་དཀའ་ངལ་ཆེན་པོ་ཡོད་པ་ཇི་བཞིན་ཞི་བདེ་བསྐྲུན་རྒྱུའང་དཀའ་ངལ་ཆེ། འདི་ནི་ཞི་བདེ་བསྐྲུན་ཐབས་ཀྱི་རྒྱུད་རིམ་ཞིག་ཡིན་ཞེས་བཤད་ཅིང་། ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོས་གླེང་སློང་བྱ་དགོས་པའི་གནད་དོན་གཞན་ཁག་ཕྱོགས་གཉིས་ཀྱི་ས་མཚམས་སུ་དམག་མི་འབུམ་ཕྲག་མང་པོ་འགྲེམ་འཇོག་བྱེད་ཡོད་པ་ཕྱིར་འཐེན་དང་ཕྱོགས་གཉིས་ཀྱི་མཚོ་དམག་གིས་རང་གི་མཚོ་ཁོངས་སུ་སྐོར་གཡེང་བྱེད་ཀྱི་ཡོད་པ་མཚམས་འཇོག ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་དམག་གི་འབྲེལ་བ་བཙུགས་ནས་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་བཞག་ཡོད་པ་དང་། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་ནས་ལྷོ་ཀོ་རི་ཡར་སྡིགས་ར་སྐུལ་བཞིན་ཡོད་པ། ལྷོ་བྱང་ཀོ་རི་ཡའི་ཛ་དྲག་ཞི་འཇམ་གཏོང་བའི་ཐབས་ལམ་གཅིག་ནི་ཕྱོགས་གཉིས་ཀྱི་ས་མཚམས་ཕན་མོམ་ཇུང་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པ་སོགས་ཡིན་མོད། འོན་ཀྱང་ལྷོ་བྱང་ཀོ་རི་ཡའི་སྐུ་ཚབ་ཚོས་གནད་དོན་དེ་དག་ལ་གྲོས་མོལ་ཇི་ལྟར་བྱས་ཀྱང་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཚོས་གྲོས་མཐུན་དེར་མིང་རྟགས་བཀོད་ནས་མཉམ་དུ་གསལ་བསྒྲགས་མ་བྱས་ན་ནུས་པ་ཆེན་པོ་ཞིག་འཐོན་དཀའ། ང་ཚོས་ལྷོ་བྱང་ཀོ་རི་ཡའི་ཆེས་མཐོ་འགོ་ཁྲིད་རྣམ་པའི་ཐུག་འཕྲད་གྲོས་མོལ་སྐབས་སུ་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པའི་མཉམ་འབྲེལ་ཁྱབ་བསྒྲགས་བྱ་ཐུབ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་ཅེས་ལྷོ་ཀོ་རི་ཡའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་བཤད་འདུག བྱང་ཀོ་རི་ཡའི་གཞུང་གིས་རང་གི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཨ་མི་རི་ཀའི་བཙན་འཛུལ་འགོག་པའི་ཆེད་དུ་ཡིན། གལ་སྲིད་ཨ་མི་རི་ཀས་བྱང་ཀོ་རི་ཡའི་བདེ་འཇགས་ལ་འགན་ལེན་བྱས་ནས་ཕྱི་འབྲེལ་བཙུགས་ན་ང་ཚོས་རང་གི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་རྣམས་མེད་པར་གཏོང་ཆོག ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་༢༨༥༠༠་ལྷག་འགྲེམ་འཇོག་བྱས་ཡོད་པ་རྣམས་བྱང་ཀོ་རི་ཡར་བཙན་འཛུལ་བྱ་རྒྱུའི་དམིགས་ཡུལ་རེད་ཅེས་དོགས་ཟོན་བྱེད་ཀྱི་ཡོད་པ་དང་། སྔོན་ཆད་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ། ཉི་ཧོང་གསུམ་གྱིས་བྱང་ཀོ་རི་ཡར་ཁ་གཏད་གཅོག་པར་གཅིག་གྱུར་སྲིད་ཇུས་ཤིག་ལག་ལེན་བསྟར་རུང་། ད་ལོ་ལྷོ་ཀོ་རི་ཡར་ཚོགས་པའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་སྐབས་སུ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་གློ་བུར་དུ་ཡར་རྒྱས་སོང་བ་དང་། ལྷོ་ཀོ་རི་ཡའི་རྒྱུད་སྐུལ་འོག་ཏུ་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འབྲེལ་བའང་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་ཁ་འགྱུར་ནས་ཉི་ཧོང་ཟུར་དུ་བཞག་པ་ལྟ་བུའི་བློ་དོགས་ཤིག་ཡོང་གི་ཡོད་པར་བརྟེན། ཕྱི་ཟླ་༤་ཚེས་༡༧་འདིར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་ཉི་ཧོང་གི་སྲིད་བློན་ཤཱོན་ཟོ་ཨ་བྷེ་གཉིས་ཐུག་འཕྲད་གྲོས་མོལ་བྱས་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་གྲོས་མོལ་ཇི་ལྟར་བྱ་དགོས་པ་སྔོན་ནས་གྲོས་བསྡུར་བྱ་རྒྱུ་དང་། ཨ་མི་རི་ཀ་དང་ཉི་ཧོང་གི་གཞུང་འབྲེལ་མི་སྣ་ཚོས་སྲིད་འཛིན་ཌོ་ནལ་ཊོམ་དང་སྲིད་བློན་ཨ་བྷེ་གཉིས་ཀྱིས་གྲོས་གཞི་གང་འདྲ་ཞིག་ལ་བཀའ་མོལ་ལྷུག་པོ་གནང་འཆར་ཡོད་མེད་ཕྱིར་བསྒྲགས་གསལ་བོ་ཞིག་བྱས་མེད་པ་རེད།།

XS
SM
MD
LG