ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མངོན་མཐོའི་ལྷག་བསམ།


༄༅།།སྔ་ལོར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་དབུས་ཞིབ་གཅོད་ལས་ཁང་གི་འགན་འཛིན་ཇེམ་སི་ཁོ་མཱི་གནས་དབྱུང་བཏང་བ་དང་། འདས་པའི་ཟླ་ཤས་རིང་ཇཱེམ་སི་ཁོ་མཱིས་‘མངོན་མཐོའི་ལྷག་བསམ་’ཞེས་རང་ཉིད་ཨ་རིའི་དབུས་ཞིབ་གཅོད་ལས་ཁང་གི་འགན་འཛིན་གྱི་ལས་གནས་ནས་གནས་དབྱུང་གཏོང་དགོས་པའི་རྒྱུ་རྐྱེན་ཅི་ཡིན་སོགས་ཞིབ་པར་འཁོད་པའི་དཔེ་དེབ་ཅིག་བརྩམས་ཡོད་ཅིང་། དཔེ་དེབ་ཕྱི་ཟླ་༤་ཚེས་༡༧་ནས་ཨ་མི་རི་ཀའི་དཔེ་ཚོང་དག་གི་ནང་དུ་ཚོང་འགྲེམ་བྱེད་འཆར་ཡོད་པས་ཉམས་ཞིབ་པ་ཚོས་ཨ་མི་རི་ཀའི་ཆབ་སྲིད་རྩོད་གླེང་ལ་འབྲེལ་བ་ཡོད་པའི་བརྩམས་ཆོས་གྲགས་ཅན་ཞིག་ཏུ་འགྱུར་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད། ཇཱེམ་སི་ཁོ་མཱི་ཡི་དཔེ་དེབ་དེར་སྲིད་འཛིན་ཌོ་ནལ་ཊོམ་ནི་རང་གི་ང་རྒྱལ་གྱི་བྲན་གཡོག་ཏུ་གྱུར་པའི་མི་ཞིག་དང་རྒྱལ་ཁབ་འཛིན་སྐྱོང་གི་ལས་དོན་ལ་ཉམས་མྱོང་ཅི་ཡང་མེད་པ། དབུས་ཞིབ་གཅོད་ལས་ཁང་ནི་ཌོ་ནལ་ཊོམ་གྱི་སྒེར་དོན་སྒྲུབ་པའི་སྒྲིག་འཛུགས་ཤིག་ཡིན་པའི་འདུ་ཤེས་འཛིན་པ་དང་རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་གཞི་ལ་བརྩི་སྲུང་བྱ་རྒྱུར་གཏན་ནས་དགའ་མོས་མེད་པའི་མི་ཞིག་རེད། སྤྱིར་གཞུང་གི་སྲི་ཞུ་བ་ཚོས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་གོང་བཀུར་བྱས་ནས་ལྷག་བསམ་ཟོལ་མེད་ཡིན་པའི་ལས་འགན་ཡོད་རུང་། སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྩ་ཁྲིམས་ལས་ཀྱང་ཁོ་པ་གང་ཟག་སྒེར་ལ་གཞུང་གི་སྲི་ཞུ་བ་ཚོ་ལྷག་བསམ་དྲང་དགོས་ཞེས་ཨུ་ཚུགས་རྒྱག་པའི་མི་ཞིག་རེད་འདུག ཁོང་གིས་སྐྱེ་བོ་གཞན་ལ་བརྩི་འཇོག་མེད་པར་སྒེར་གྱི་ཅ་དངོས་ལྟར་འདུ་ཤེས་འཛིན། བདེན་པ་ལ་ནམ་ཡང་མི་དགའ་བར་རྫུན་བཤད་དང་གཡོ་གཏམ་བཤད་རྒྱུ་བཅས་ལ་འཛེམ་ཟོན་མེད་པའི་མི་ཞིག་ཡིན་ཞིང་། ཌོ་ནལ་ཊོམ་གྱི་ཆབ་སྲིད་སྐྱོང་སྟངས་ནི་ཇག་གཙོ་ཞིག་གི་འཛིན་སྐྱོང་བྱེད་ལུགས་དང་གཉིས་སུ་མི་འདུག་ཅེས་བསྡོམས་བརྒྱབ་ཡོད་པ་རེད། ཇཱེམ་སི་ཁོ་མཱིས་བརྩམས་པའི་མངོན་མཐོའི་ལྷག་བསམ་དཔེ་དེབ་ཏུ་བཀོད་པའི་དཔེ་མཚོན་གཙོ་བོ་ཞིག་༢༠༡༣་ལོར་ཌོ་ནལ་ཊོམ་གྱི་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་འཛམ་གླིང་གི་མཛེས་མའི་འགྲན་སྡུར་ཚོགས་ནས་དགོང་མོ་འཕྱོན་མ་ཁག་ཅིག་མགྲོན་ཁང་དུ་བསྡུས་པ་དང་། ཁོ་པ་འཕྱོན་མ་ཚོའི་མཉམ་དུ་འཁྲབ་ནས་མགོ་ལ་གཅིན་པ་གཏོང་དུ་བཅུག་པ་རེད་ཟེར་པའི་བཤད་ཡམ་ཞིག་ཡོད་པ་དེ་ལ་རྒྱལ་སྤྱིའི་ཐོག་ཏུ་གསེར་ཆུའི་ཁྲུས་གསོལ་ཞེས་མིང་བཏགས་ཏེ། གསེར་ཆུའི་ཁྲུས་གསོལ་གྱི་བརྙན་འཕྲིན་འཁོར་ཐག་ཨུ་རུ་སུའི་གསང་བའི་ལས་ཁང་ཁག་གིས་ཉར་ཡོད་པ་རེད་ཅེས་དཀྲོག་གཏམ་ཞིག་སྒྲོག་ཀྱིན་ཡོད་ཅིང་། དེར་བརྟེན་ཌོ་ནལ་ཊོམ་གྱིས་ཨ་རིའི་དབུས་ཞིབ་གཅོད་ལས་ཁང་གིས་དེ་ལ་རྩད་གཅོད་བྱ་དགོས་པ་དང་། སྲིད་འཛིན་གྱི་ལྕམ་མཱ་ན་ལི་ཡར་གསེར་ཆུའི་ཁྲུས་གསོལ་དངོས་སུ་བྱུང་ཡོད་སྲིད་པའི་བློ་དོགས་ཡོད་པ་སེལ་ཐབས་བྱ་དགོས་ཞེས་ཇཱེམ་སི་ཁོ་མཱིར་མངགས་བཀོད་བྱས་ཡོད་པ་རེད། ཁ་སང་ཕྱི་ཟླ་༤་པའི་ཚེས་༡༢་ཀྱི་ཕྱི་དྲོར་ཇཱེམ་སི་ཁོ་མཱིས་བརྩམས་པའི་མངོན་མཐོའི་ལྷག་བསམ་ཞེས་པའི་དཔེ་དེབ་དེ་ཉིད་གསར་འགོད་པ་དང་ནང་ཁུལ་དུ་འགྲེམ་སྤེལ་བྱ་རྒྱུ་འགོ་ཚུགས་པས། ད་ནངས་ཕྱི་ཟླ་༤་ཚེས་༡༣་གྱི་ཞོགས་པར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཇཱེམ་སི་ཁོ་མཱི་ནི་གསང་བ་ཕྱིར་སྒྲོག་པ་དང་རྫུན་བཤད་མཁན་གྱི་མི་ཞིག་ཡིན་པ་ཝ་ཤིང་ཊོན་དུ་ཡོངས་གྲགས་ཡིན། ཁོ་པ་གནས་དབྱུང་བཏང་བ་འོས་ཤིང་འཚམས། ཁོ་པས་གསང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་པར་ཁྲིམས་གཅོད་བྱ་དགོས། ཁོ་པས་མནའ་སྐྱེལ་དཔང་བཙུགས་བྱས་ཀྱང་ཨ་རིའི་གྲོས་ཚོགས་སུ་རྫུན་བཤད་ཡོད། ཇཱེམ་སི་ཁོ་མཱི་འཇོན་ཐང་མེད་པ་དང་དབུས་ཞིབ་གཅོད་ལས་ཁང་གི་འགན་འཛིན་ཐབས་རྡུགས་ཤིག་བྱུང་བ་ལོ་རྒྱུས་ཀྱིས་ར་འཕྲོད་འབྱུང་གི་རེད་ཅེས་དགག་པ་བརྒྱབ་འདུག མངོན་མཐོའི་ལྷག་བསམ་དཔེ་དེབ་ཏུ་སྲིད་འཛིན་ཌོ་ནལ་ཊོམ་གྱི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་མེ་ཁེལ་ཧྥི་ལིན་གནས་དབྱུང་བཏང་བའི་རྗེས་སུ་ཇཱེམ་སི་ཁོ་མཱི་ཕོ་བྲང་དཀར་པོར་འབོད་འགུགས་བྱས་བྱུང་། ང་ལ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཁོ་པ་སྒེར་ལ་ལྷག་བསམ་དྲང་པོ་བྱ་རྒྱུ་ཁས་ལེན་བྱ་དགོས་ཞེས་དགོས་འདུན་བཏོན་སོང་མོད། འོན་ཀྱང་ངས་སྲིད་འཛིན་ཌོ་ནལ་ཊོམ་ལ་ལྷག་བསམ་དྲང་པོ་བྱ་ཆོག་ཅེས་ཞུས་པ་ཡིན། དེ་ནས་སྲིད་འཛིན་ཌོ་ནལ་ཌོམ་གྱིས་དབུས་ཞིབ་གཅོད་ལས་ཁང་གིས་མེ་ཁེལ་ཧྥི་ལིན་ཉེས་ཡངས་གཏོང་རྒྱུའི་བསམ་གཞིག་བྱ་དགོས་པའི་སྐུལ་ལྕག་བཏང་སོང་། ༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་འབྲེལ་ཡོད་ཚན་པ་ཁག་གིས་ཐེ་གཏོགས་བྱས་པར་རྩད་གཅོད་བྱ་རྒྱུ་ནི་ཌོ་ནལ་ཊོམ་གྱི་བསམ་བློའི་ཟུར་དུའང་མི་འདུག དེ་ལས་ལྡོག་སྟེ་ཁོང་གིས་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུ་འབྲེལ་བ་མེད་པ་གསལ་བོ་བྱ་དགོས་ཞེས་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་ཀྱིན་འདུག་ཅེས་བཀོད་ཡོད་པ་མ་ཟད། ཇཱེམ་སི་ཁོ་མཱི་ཡི་མངོན་མཐོའི་ལྷག་བསམ་ནང་དུ་སྲིད་འཛིན་ཟུར་པ་འཇོར་ཇི་བྷུ་ཤུ་དང་ཨོ་བྷ་མའི་དུས་སྐབས་སུའང་ཨི་རཀ་གི་དམག་འཁྲུག་ལ་ངོ་རྒོལ་བྱས་པ་དང་སྲིད་འཛིན་གཞོན་པ་ཌིཀ་ཆེ་ཎི་སོགས་ལ་རྩོད་པ་བྱུང་བ། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་གཞི་རྣམས་གོང་དུ་བཀུར་ནས་སྲིད་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོའི་གནོན་ཤུགས་ལ་མགོ་སྒུར་མྱོང་མེད་ཅེས་བྲིས་ཡོད་པ་རེད།།

XS
SM
MD
LG