ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ངོ་དེབ་བདག་པོར་འདྲི་རྩད།


༄༅།། ཨ་རིའི་གྲོས་ཚོགས་གོང་འོག་གི་ནུས་ཤུགས་དང་ཚོང་དོན་ཚོགས་ཆུང་གི་འཐུས་མི་ཚོས་ངོ་དེབ་བདག་པོ་མཱར་ཁེ་ཛ་ཁར་བྷེག་ལ་སྐྱེ་བོ་སྒེར་གྱི་ཁ་བྱང་དང་གསང་གནས་སོགས་སྲུང་སྐྱོབ་ཡོད་མེད་འདྲི་རྩད་ནན་པོ་བྱེད་ཀྱི་ཡོད་ཅིང་། ༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་སྐབས་སུ་ཨུ་རུ་སུའི་གཞུང་ལ་འབྲེལ་བ་ཡོད་པའི་ཚོགས་པ་ཁག་གིས་ཨ་རིའི་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱ་ཆེ་ཤོས་ངོ་དེབ་ནང་དུ་ཐོ་འགོད་བྱས་ཏེ། ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཧི་ལ་རི་ཁེ་ལིན་ཊོན་གྱི་སྐྱོན་མཚང་ཐེར་འདོན་བྱས་པའི་གསར་འགྱུར་སྤེལ་པ་དང་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊོམ་ལ་རྒྱབ་སྐྱོར་དང་འོས་ཤོག་འཕེན་དགོས་པའི་སྐུལ་ལྕག་གི་དྲིལ་བསྒྲགས་ལས་འགུལ་སྤེལ་ཡོད། ལྷག་པར་དུ་དབྱིན་ཇིའི་ཁེམ་བྷི་རི་ཇཱི་ཆབ་སྲིད་ཐབས་ཇུས་ཞིབ་འཇུག་ཁང་གིས་ངོ་དེབ་བཀོལ་སྤྱོད་པ་བྱེ་བ་འགའ་ཞིག་གི་ཁ་བྱང་གསོག་བྱས་ནས་ཨ་རི་བ་དེ་དག་གི་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས། སྲིད་དོན་ཚོགས་པ་གང་གི་སྲིད་འཛིན་འོས་མི་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་བཅས་ཀྱི་ཞིབ་འཇུག་བྱས་ཏེ། ཞིབ་འཇུག་གི་གྲུབ་འབྲས་རྣམས་ཌོ་ནལ་ཊོམ་གྱི་འོས་འདེམས་དྲིལ་བསྒྲགས་ལས་འགུལ་ཁང་གི་ལས་སྣེ་ཚོར་སྤྲད་པ་དང་། དེར་བརྟེན་ཌོ་ནལ་ཊོམ་གྱི་འོས་འདེམས་དྲིལ་བསྒྲགས་ལས་འགུལ་ཁང་གིས་ཨ་མི་རི་ཀ་བ་དེ་དག་ལ་ཆེད་དུ་དམིགས་ནས་ཆབ་སྲིད་ཀྱི་དྲིལ་བསྒྲགས་བྱས་པའི་གནས་ཚུལ་ཐོན་འདུག གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཕལ་ཆེ་བས་ངོ་དེབ་བདག་པོ་མཱར་ཁེ་ཛ་ཁར་བྷག་ལ་ཨ་མི་རི་ཀའི་སྤྱི་དམངས་ཀྱི་ངོ་དེབ་ཁ་བྱང་དང་སྒེར་པའི་འཕྲིན་ཡིག་དང་འདྲ་པར་རྣམས་ངོ་དེབ་ཏུ་བཀོད་པ་གཞན་གྱིས་རྐུ་འཁྱེར་མི་ཐུབ་པ་དང་མིའི་མིང་དང་གསང་ཡིག་བརྐུས་ནས་མི་གཞན་གྱི་ངོ་དེབ་ནང་དུ་འཛུལ་ནས་གནས་ཚུལ་ལོག་པ་དང་རྫུན་མ་སྤེལ་གྱི་ཡོད་པ་འགོག་ཐབས་ཇི་ལྟར་བྱེད་ཀྱི་ཡོད་མེད། ངོ་དེབ་ནང་དུ་མི་རིགས་དང་ཆོས་ལུགས་ལ་དབྱེ་འབྱེད། མི་རིགས་དང་ཆོས་ལུགས་ལ་མཐོང་ཆུང་དང་མཚན་སྨད། མི་རིགས་དང་ཆོས་ལུགས་གང་ཞིག་ལ་དམིགས་སུ་བཀར་ནས་སྡང་ཟུག་བྱེད་ཀྱི་ཡོད་པ་རྣམས་འགོག་ཐུབ་ཀྱི་ཡོད་མེད། ངོ་དེབ་བརྒྱུད་ནས་འཇིགས་སྐུལ་རིང་ལུགས་ཀྱི་དྲིལ་བསྒྲགས་དང་འཁྱོག་བརྗོད་བྱེད་ཀྱི་ཡོད་པ། སྐྱེ་བོ་འགའ་ཞིག་གིས་བསམ་བཞིན་ངོ་དེབ་བརྒྱུད་ནས་སྤྱི་ཚོགས་ལ་ཟིང་འཁྲུག་སློང་དགོས་པའི་ངན་སྐུལ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་སོགས་འགོག་ཐུབ་ཀྱི་ཡོད་མེད་པ་དང་། ངོ་དེབ་ནང་དུ་མི་གསོད་ཁྲག་སྦྱོར་དང་འཁྲིག་སྦྱོར། བཙན་གཡེམ་སོགས་གྱི་བརྙན་རིས་འགྲེམ་སྤེལ་བྱེད་ཀྱི་ཡོད་པ་འགོག་གི་ཡོད་མེད་སོགས་ལ་འདྲི་རྩད་ནན་པོ་བྱས་ཀྱི་ཡོད་པ་རེད། ངོ་དེབ་བདག་པོ་མཱར་ཁེ་ཁར་བྷག་གིས་ང་ཚོས་དབྱིན་ཇིའི་ཆབ་སྲིད་ཐབས་ཇུས་ཉམས་ཞིབ་ཁང་དེར་ངོ་དེབ་བཀོལ་སྤྱོད་པའི་དྲ་ཚུགས་ཀྱི་ཁ་བྱང་སྤྲད་པ་ནོར་འཁྲུལ་ཡིན་པ་མ་ཟད། ཨུ་རུ་སུའི་གཞུང་ལ་འབྲེལ་བ་ཡོད་པའི་སྒྲིག་འཛུགས་ཁག་གིས་ངོ་དེབ་ཀྱི་གླེང་སྟེགས་བརྒྱུད་ནས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་ཐུབ་ཡོད་པའང་ང་ཚོས་ངོ་དེབ་གླེང་སྟེགས་ལ་སྟངས་འཛིན་ནན་པོ་ཞིག་བྱ་ཐུབ་མེད་པའི་སྐྱོན་བྱུང་ཡོད། ཡིན་ནའང་ད་ནས་བཟུང་སྟེ་ངོ་དེབ་བཀོལ་སྤྱོད་པ་ངོ་མར་སུ་ཡིན་མིན་ངོ་ཐག་ཡག་པོ་གཅོད་རྒྱུ་དང་ཆབ་སྲིད་ཀྱི་ཐབས་ཇུས་ཉམས་ཞིབ་ཁང་ཁག་ལ་ངོ་དེབ་བཀོལ་སྤྱོད་པའི་ཁ་བྱང་མི་སྤྲོད་པ། སྐྱེ་བོ་སྒེར་གྱི་ལོ་རྒྱུས་དང་འདྲ་པར། རྩོམ་ཡིག་དང་འཕྲིན་ཡིག་སོགས་གཞན་གྱིས་རྐུ་འཁྱེར་མི་ཐུབ་པའི་སྲུང་སྐྱོབ་དམ་པོ་བྱ་རྒྱུ་དང་། ངོ་དེབ་བཟོ་ཚོང་ཁང་གིས་ལས་བྱེད་གསར་པ་ཁྲི་ཚོ་གཉིས་གླས་ནས་འཛམ་གླིང་གི་སྐད་ཡིག་མ་འདྲ་བ་དེ་དག་གིས་ངོ་དེབ་བརྒྱུད་ནས་ཅི་ཞིག་གླེང་སློང་བྱེད་ཀྱི་ཡོད་མེད་སོགས་ལ་རྟོག་ཞིབ་གཟབ་ནན་བྱ་འཆར་ཡོད་ཅེས་ཁས་ལེན་མོད། ཡིན་ནའང་ཨ་རིའི་གྲོས་ཚོགས་འོག་མའི་ཉན་ཞིབ་དུས་སུའང་ངོ་དེབ་བདག་པོ་མཱར་ཁེ་ཛར་གྷ་བྷག་ལ་གྲོས་ཚོགས་འཐུས་མི་ཚོས་བཟོད་ཡངས་བྱ་རྒྱུའི་རྣམ་པ་མེད་པ་རེད།།

XS
SM
MD
LG