ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཆོན་ཀྲང་གི་གནས་སྟངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


སྤྱི་ལོ་༢༠༡༥་ལོར་རྒྱ་ནག་གི་ཁྲིམས་རྩོད་པ་དང་དམངས་གཙོ་དོན་གཉེར་བ་མང་པོ་ཞིག་གཞུང་གིས་འཛིན་བཟུང་བྱས་པའི་གྲས་སུ་ཁྲིམས་རྩོད་པ་ཝང་ཆོན་ཀྲང་ཡོད་ཅིང་། ད་ལྟ་ཁྲིམས་རྩོད་པ་དེ་འཛིན་བྱས་ནས་ཉིན་གྲངས་༡༠༠༠་ཙམ་འགོར་གྲབས་ཡོད་ཀྱང་ཁོ་པ་ད་དུང་ཡང་བཟའ་མི་ཚོར་འབྲེལ་བ་བྱེད་དུ་འཇུག་གི་མེད་པ་དང་། ཝང་ཆོན་ཀྲང་རང་གི་ཁྲིམས་རྩོད་པར་ཡང་ཐུག་འཕྲད་བྱེད་དུ་འཇུག་གི་མེད་པའི་སྟབས་ཀྱིས་བཟའ་མི་ཚོས་རྒྱ་ནག་གི་བཙོན་འཇུག་འོག་ཏུ་ཡོད་པའི་ཝང་ཆོན་ཀྲང་བདེ་ཐང་ཡིན་མིན་སོགས་ལ་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། སྤྱི་ལོ་༢༠༡༥་ལོའི་ཟླ་༧་པའི་ཚེས་༩་ནས་རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་གཙོས་མི་མང་པོ་ཞིག་འཛིན་བཟུང་བྱས་པར་མི་ཚོས་༧་པའི་ཚེས་༩་ཁྲིམས་རྩོད་པ་འཇུ་བཟུང་གི་དོན་རྐྱེན་ཞེས་བརྗོད་ཀྱི་ཡོད་པ་མ་ཟད། ཁྲིམས་རྩོད་པ་ཝང་ཆོན་ཀྲང་སྐབས་དེར་འཛིན་བཟུང་བྱས་པའི་ཁོངས་སུ་ཚུད་ཡོད། སྤྱི་ལོ་༢༠༡༦་ལོར་རྒྱ་གཞུང་གིས་ཝང་ཆོན་ཀྲང་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་བཏགས་ནས་ཐེན་ཅིན་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁང་གིས་འཛིན་བཟུང་བཀག་ཉར་བྱས་བ་དང་། དེའི་རྗེས་སུ་ཁྲིམས་བཤེར་བྱ་རྒྱུ་ཕྱི་འགྱངས་བྱས་ནས་ད་ལྟའི་བར་དུ་བཟའ་མི་དང་ཁྲིམས་རྩོད་པ་བཅས་ལ་ཐུག་འཕྲད་བྱེད་དུ་མ་བཅུག་པར་སྤྱི་ཟླ་༤་ཚེས་༥་ཉིན་འཛིན་བཟུང་བྱས་ནས་ཉི་མ་༡༠༠༠་འགོར་གྱི་ཡོད་པ་རེད། ཉེ་ཆར་སྤྱི་ཟླ་༤་ཚེས་༢་ཉིན་ཁྲིམས་རྩོད་པ་ཝང་ཆོན་ཀྲང་གི་བཟའ་ཟླ་ལི་ཝུན་ཙུའུ་ཡིས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པར་ཝང་ཆོན་ཀྲང་བདེ་ཐང་ཡིན་མིན་དང་ཚེ་སྲོག་ཀྱི་ཐད་དུ་ཧ་ཅང་སེམས་ཁྲལ་ཆེན་པོ་ཡོད། ཁོ་པ་འཛིན་བཟུང་བྱས་པའི་རྗེས་སུ་ང་ཚོ་བཟའ་མི་ཚོར་སྲིད་གཞུང་གིས་ཡིག་ཐོག་ཏུ་གསལ་བཤད་གང་ཡང་བྱས་མ་བྱུང་། ཁོ་པ་ཁྲིམས་རྩོད་པའང་འབྲེལ་བ་བྱུང་མེད་པས་གར་སོང་ཆ་མེད་དུ་གྱུར་སོང་། ད་ལྟ་ངས་རང་གི་ཁྱོ་ག་ཤི་གསོན་ཅི་ཡིན་ཡང་ཤེས་ཀྱིན་མེད་ཅེས་བརྗོད་འདུག རྒྱ་ནག་གི་༧༠༩་ཡི་འཇུ་བཟུང་ཆེན་མོའི་དོན་རྐྱེན་འདིར་རྒྱ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་སྐྱེ་བོ་སྒེར་པ་མང་པོས་དོ་སྣང་བྱེད་ཀྱི་ཡོད་པ་སྟེ། ཉེ་ཆར་ཨ་རི་དང་ཡུ་རོབ། ཨོ་གླིང་བཅས་ཀྱི་རྒྱལ་སྤྱིའི་ཁྲིམས་འཛིན་སྡེ་ཁག་མིང་གྲགས་ཅན་གྱི་ཁྲིམས་རྩོད་པ་ཉེར་དགུས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་མཚན་ཐོག་ཏུ་ཞུ་ཡིག་ཅིག་ཕུལ་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་དང་མནར་གཅོད་གཏོང་བཞིན་པའི་ཁྲིམས་རྩོད་པ་རྣམས་གློད་གྲོལ་གཏོང་དགོས། ལྷག་པར་དུ་རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཆོན་ཀྲང་དང་ཞེ་དབྱང་། ལིས་ཧི་ཕིན། ཅང་ཐན་ཡུང་སོགས་བཀག་ཉར་འོག་ཏུ་ཡོད་པའི་ཁྲིམས་རྩོད་པ་ཁ་ཤས་ལ་ཚད་ལས་བརྒལ་བའི་མནར་གཅོད་གཏོང་བཞིན་པར་བློ་འཚབ་ཡོད་ཅེས་བརྗོད་འདུག ད་ལྟའི་བར་དུ་ཁྲིམས་རྩོད་པ་ཝང་ཆོན་ཀྲང་གི་གནས་སྟངས་ལ་གོ་ཐོས་ཅི་ཡང་མེད་པའི་སྟབས་ཀྱིས་ཆུང་མ་ལིས་ཝུན་ཙུའུ་ཡང་ནས་ཡང་དུ་རྒྱ་ནག་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་དུ་སོང་སྟེ། ད་ལོའི་སྤྱི་ཟླ་༣་པའི་ཚེས་༡༦་བར་དུ་ལིས་ཝུན་ཙུའུ་རྒྱ་ནག་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་དུ་ཐེངས་༢༦་ལ་སོང་ཡོད། ཁོ་མོ་ཧ་ལམ་གཟའ་འཁོར་རེར་ཁྲིམས་ཁང་ལ་ཐེངས་རེ་བསྐྱོད་ནས་ཝང་ཆོན་ཀྲང་གི་གྱོད་གཞི་ལ་ཞུ་གཏུག་དང་ཁོ་པའི་གནས་སྟངས་ལ་རྩད་གཅོད་བྱས་ཀྱང་ཉེན་རྟོག་པས་བཀག་ནས་འགྲོ་ཐེངས་མང་ཆེ་བར་ཁྲིམས་ཁང་དུ་ཐར་མེད་པ་རེད། པེ་ཅིང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བྱེད་པ་ཧུའུ་ཅ་ཡིས་བརྗོད་ན་ཁྲིམས་ཁང་གི་ཉེན་རྟོག་པ་ཚང་མས་ལིས་ཝུན་ཙུའུ་ངོ་ཤེས་ཀྱི་ཡོད་པ་དང་། ཁོ་པའང་ལིས་ཝུན་ཙུའུ་ཡི་མཉམ་དུ་ཁྲིམས་ཁང་ལ་གཏུག་བཤེར་བྱེད་དུ་སོང་མྱོང་ཡོད། ཁྲིམས་ཁང་གི་ཉེན་རྟོག་པ་ཚོ་ཧ་ཅང་རྩུབ་པོ་དང་གཏུག་བཤེར་དུ་ཡོང་མཁན་ཚོས་སྒྲ་སྐད་ཕབ་ལེན་དང་བརྙན་པར་རྒྱག་སྲིད་པར་དོགས་ཟོན་བྱས་ནས་མི་ལ་ཁ་པར་འཁྱེར་དུ་འཇུག་གི་མི་འདུག་ཅེས་བཤད་ཡོད། ཝང་ཆོན་ཀྲང་ལ་ད་དུང་ཡང་ཁྲིམས་བཤེར་བྱེད་ཀྱི་མེད་པས་དབྱེ་ཞིབ་བྱེད་པ་ཚོས་དོ་བདག་ལ་ནག་ཉེས་མེད་པ་ཞིག་བཙན་འགེལ་བྱས་པར་ཁས་ལེན་བྱས་མེད་པའི་རྟགས་མཚན་ཡིན་སྲིད། འདི་ནི་ཝང་ཆོན་ཀྲང་ཁྲིམས་རྩོད་པ་ཞིག་ཡིན་པའི་ཆ་ནས་རང་གི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་རྒྱ་ནག་ལ་ཁྲིམས་མཐུན་གྱིས་ཁྲིམས་བཤེར་བྱ་སྲོལ་མེད་པ། ཁོ་པ་རང་གི་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་དུ་འཇུག་གི་མེད་པ་དང་་རྒྱ་གཞུང་གིས་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་རྩ་དོན་ལ་རྒྱབ་འགལ་བྱས་པ་ཞིག་ཡིན་པའི་ངོས་འཛིན་བྱས་འདུག

XS
SM
MD
LG