ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ལ་ཕེབས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ཨེ་ལེ་ནྷར་རོ སེ་ལེ་ཌེ་ནྷན་གྱིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་ཡོད་པ་དང་། གཟའ་ཟླ་བའི་ཉིན་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིན་ཝེན་གྱིས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོར་མཇལ་འཕྲད་གནང་སྟེ། གཟའ་འཁོར་སྔོན་མར་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཐེ་ཝན་གྱི་འགྲུལ་བཞུད་ཁྲིམས་སྲོལ་ཞེས་པའི་གྲོས་འཆར་ཞིག་ལ་མང་མོས་རྒྱབ་སྐྱོར་གྱིས་གཏན་འབེབས་གནང་སྟེ་ཨ་རི་དང་ཐེ་ཝན་གྱི་དབུ་ཁྲིད་ཚོ་ཕན་ཚུན་འཚམས་འདྲིར་ཕེབས་ཆོག་པ་ཞིག་བཟོས་པར་བསྔགས་བརྗོད་དང་། འགྲུལ་བཞུད་ཁྲིམས་སྲོལ་དེས་ཨ་རི་དང་ཐེ་ཝན་གྱི་འབྲེལ་ལམ་གོམ་པ་མདུན་སྤོ་བྱེད་བཞིན་པ་རེད་ཅེས་གསུངས་ཤིང་། ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་ཨེ་ལི་ནྷ་རོ་སེ་ལེ་ཐེ་ནྷན་གྱིས་རྒྱ་ནག་གི་བྱེད་ཕྱོགས་དྲག་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས་ནམ་ཞིག་ཐེ་ཝན་ལ་རྒྱ་ནག་གི་དྲག་རྒོལ་རིགས་འབྱུང་ཚེ་ཐེ་ཝན་ལ་རང་སྲུང་ཐུབ་པའི་དགོས་མཁོ་ཁག་ཨ་མི་རི་ཀས་འགན་ལེན་དགོས་ཀྱི་རེད་ཅེས་གསུངས་འདུག ཨ་རིའི་མངའ་སྡེ་ཧྥུ་ལོ་རི་ཌ་ནས་ཡིན་པའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་དབུ་འཛིན་ཟུར་པ་ལྕམ་ཨེ་ལེ་ནྷར་གྱིས་དབུ་ཁྲིད་པའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེས་ཉིན་གྲངས་གསུམ་གྱི་རིང་དུ་ཐེ་ཝན་ལ་འཚམས་གཟིགས་གནང་རྒྱུ་དང་སྐུ་ཚབ་ཚོགས་ཆུང་དེའི་ཁོངས་སུ་སྤྱི་མཐུན་སྲིད་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཁེ་ལོ་དྷི་ཡ་ཌེ་ཎི་ཡང་ཡོད་པ་མ་ཟད། ཁོང་གཉིས་ནི་ཨ་རིའི་གྲོས་ཚོགས་ཀྱི་ཐེ་ཝན་གནད་དོན་ཐད་ཀྱི་ལས་དོན་ཚོགས་ཆུང་གི་མི་སྣ་གལ་ཆེའི་གྲས་ཀྱང་ཡིན་ཞིང་། ཐེངས་འདིའི་ཐེ་ཝན་ནང་གི་འཚམས་གཟིགས་དེ་ནི་ཨ་རིའི་གཞུང་གིས་ཐེ་ཝན་དང་འབྲེལ་བའི་ཐད་ཀྱི་ཁྲིམས་གཞིའི་གྲོས་ཆོད་བཞག་ནས་ལོ་༣༩་འཁོར་པའི་དུས་དྲན་སླེབས་པར་ཉིན་ཤས་ལས་མེད་པའི་མཚམས་སུ་བྱུང་བ་ཞིག་ཡིན་པ་དང་། ལྕམ་ཨེ་ལེ་ནྷར་རོ་སེ་ལེ་ཐེ་ནྷན་གྱིས་ཐེ་ཝན་ནི་དཔལ་འབྱོར་དང་སྤྱི་ཚོས་ཀྱི་གསར་འགོད། གཏམ་བརྗོད་སོགས་རང་དབང་ཡོད་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཡོད་པ་ཞིག་ཡིན་པས། རྒྱུ་མཚན་གལ་ཆེན་གསུམ་ལ་བརྟེན་ནས་ཨ་རིའི་ཟླ་གྲོགས་ཡག་པོ་ཞིག་ཡིན། ང་ཚོ་མཉམ་འབྲེལ་གྱིས་ཐེ་ཝན་དེ་བཞིན་མུ་མཐུད་དུ་ཐེ་ཝན་གྱི་གནས་བབ་ཐོག་ཏུ་གནས་ཐུབ་རྒྱུར་འགན་ལེན་དགོས་ཀྱི་རེད་ཅེས་སོགས་གསུངས་ཡོད་པ་རེད། ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚད་དབྱིན་ཝེན་གྱིས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མིའི་ཚོགས་ཆུང་དང་མཇལ་འཕྲད་བཀའ་མོལ་གནང་བའི་སྐབས་སུ་དམིགས་གསལ་གལ་ཆེ་དོན་ཆེན་གྱི་ཐོག་ནས་ཕྱི་ཟླ་༣་པའི་ཚེས་༡༦་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་དགག་ཆ་གཅིག་ཀྱང་མེད་པར་ཐེ་ཝན་དང་བགྲུལ་བཞུད་ཀྱི་ཁྲིམས་སྲོལ་ཞེས་པའི་གྲོས་ཆོད་བཞག་ཡོད་པ་དེ་ལ་ཐུགས་རྗེ་ཆེ། འདི་ནི་ཕྱོགས་གཉིས་ཀྱི་འི་མི་མང་པོས་སྐུ་ངལ་བསྐྱོན་པའི་གྲུབ་འབྲས་དང་། ང་ཚོ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཤུགས་ཆེ་རུ་འགྲོ་བ་དང་གོམ་པ་མདུན་སྤོ་བྱེད་བཞིན་པ་མཚོན་གྱི་ཡོད་ཅེས་གསུངས་ཡོད་པ་རེད། གཟའ་འཁོར་སྔོན་མར་གཏན་འབེབས་བྱུང་བའི་གྲོས་ཆོད་དེས་ཨ་རི་དང་ཐེ་ཝན་གྱི་དབུ་ཁྲིད་ཚོ་ཕན་ཚུན་འཚམས་གཟིགས་ལ་ཕེབས་རྒྱུར་དགག་ཆ་མེད་པར་གྱུར་པ་མ་ཟད། ལྷག་པར་དུ་སྔོན་ཆད་ཐེ་ཝན་གྱི་ཆེས་མཐོའི་དབུ་ཁྲིད་ཚོ་ཨ་རིར་ཐད་ཀར་ཕེབས་ཆོག་གི་མེད་པ་དེ་ལ་འགྱུར་བ་ཕྱིན་ཡོད་པས་ཨ་རིའི་གྲོས་ཚོགས་ཀྱིས་གྲོས་ཆོད་དེ་འདྲ་ཞིག་གཏན་འབེབས་བྱ་རྒྱུར་རྒྱ་ནག་གཞུང་གིས་བཀག་འགོག་ཤུགས་ཆེན་བྱས་ཡོད་ཀྱང་ལམ་ལྷོངས་བྱུང་མེད་པ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གིས་ཁྲིམས་སྲོལ་དེ་མ་བཏོན་གོང་སྟེ། ༢༠༡༦་ལོར་ཁྲིམས་སྲོལ་དེ་ཐོག་མར་གྲོས་འཆར་འདོན་མཁན་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སི་ཌེི་ཧྥེ་ཁ་པོ་ཌེས་ཐེ་ཝན་གྱི་སྲིད་འཛིན་དང་སྲིད་འཛིན་གཞོན་པ། ཕྱི་འབྲེལ་བློན་ཆེན། རྒྱལ་སྲུང་བློན་ཆེན་སོགས་ཨ་མི་རི་ཀར་ཐད་ཀར་ཕེབས་མི་ཆོག་ཅེས་དགག་ཆ་བྱས་ཡོད་པ་ནི་ཨ་རིས་རང་གིས་རང་ལ་བཀག་སྡོམ་བྱས་པ་ཞིག་དང་། མི་དམངས་ཀྱིས་འོས་འདེམས་བྱས་པའི་ཐེ་ཝན་གྱི་སྲིད་འཛིན་ལ་དམའ་འབེབས། ཨ་རི་རང་ཉིད་ཀྱི་ཁེ་ཕན་ལའང་རྒྱབ་འགལ་བྱས་པ་ཞིག་རེད་ཅེས་སྐྱོིན་བརྗོད་ཤུགས་ཆེན་གནང་ཡོད་པ་རེད། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཚོས་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཨ་རི་དང་ཐེ་ཝན་གྱི་འབྲེལ་བ་ཤུགས་ཆེ་རུ་འགྲོ་བཞིན་པ་མུ་མཐུད་དེ་ཡར་རྒྱས་འགྲོ་རྒྱུའི་ཐུགས་རེ་གནང་གི་ཡོད། ཐེངས་འདིར་གཟིགས་སྐོར་དུ་ཕེབས་པའི་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་ཨེ་ལེ་ནྷ་རོ་སེ་ལེ་ཌེ་ནྷན་གྱིས་དེ་སྔ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་དབུ་འཛིན་གནང་བའི་སྐབས་སུ་ཨ་རི་དང་ཐེ་ཝན་གྱི་འབྲེལ་བ་གལ་གནད་ཆེན་པོར་བརྩིས་ནས་ཐེ་ཝན་ལ་ཁེ་ཕན་ཡོད་པའི་གྲོས་ཆོད་ཁག་ཅིག་ངོ་སྤྲོད་གནང་སྟེ་གྲོས་ཆོད་འཇོག་རྒྱུར་འབད་བརྩོན་གནང་མྱོང་ཡོད་པ་རེད་གསུངས་འདུག

XS
SM
MD
LG