ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་དང་གདན་ས་ཝྭེ་ཊི་ཁན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཉེ་ཆར་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་ཞིག་གིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། རྒྱ་ནག་དམར་ཤོག་སྲིད་གཞུང་གི་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་ཁག་ལ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཆེན་པོ་ཝྭེ་ཊི་ཁན་གྱིས་ངོས་ལེན་བྱ་རྒྱུ་དང་། རྒྱ་ནག་གཞུང་དང་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གཉིས་གྲོས་མོལ་བྱས་ནས་གྲོས་མཐུན་ཞིག་འབྱུང་གྲབས་ཡོད་ཅེས་གསལ་བསྒྲགས་སྤེལ་ཡོད། འོན་ཀྱང་ཡེ་ཤུ་གནམ་བདག་ཆོས་ལུགས་གདན་ས་ཝྭེ་ཊི་ཁན་གྱི་མཐོ་རིམ་ལས་སྣེ་ཞིག་གིས་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་བྱེད་ཕྱོགས་སུ་རྒྱ་ནག་གཞུང་དང་གདན་ས་ཝྭེ་ཊི་ཁན་གཉིས་ཀྱིས་འཕྲལ་དུ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གྲོས་མཐུན་ཞིག་འཇོག་ཐུབ་རྒྱུ་ཁག་པོ་ཡིན། རྒྱ་ནག་གི་ཡེ་ཤུ་ཆོས་དཔོན་རྣམས་བསྐོ་བཞག་བྱེད་ཕྱོགས་ལ་གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་གི་འབྲེལ་ཡོད་ལས་སྣེ་ཚོར་མུ་མཐུད་དུ་གྲོས་མོལ་བྱ་འཆར་ཡོད། ངས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་གདན་ས་ཝྭེ་ཊི་ཁན་གཉིས་ཀྱིས་གྲོས་མཐུན་ཞིག་འཇོག་གྲབས་མེད་ཅེས་གསལ་བོར་བཤད་ཐུབ། རྒྱ་ནག་གི་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་བྱེད་ཕྱོགས་ལ་བླ་ཆེན་ཕོབ་མཆོག་གིས་ཐུགས་ཁུར་ཆེ་བཞེས་ཀྱིས་རྒྱ་ནག་གི་འབྲེལ་ཡོད་ལས་སྣེ་ཚོར་འབྲེལ་བ་གནང་བཞིན་ཡོད། བླ་ཆེན་མཆོག་གིས་གྲོས་མོལ་གྱི་རྒྱུད་རིམ་ཁག་ལའང་ཐུགས་སྣང་ཆེན་པོ་གནང་གི་ཡོད་ཅེས་བཤད་ཅིང་། ཁ་སང་གཟའ་ཕུར་བུའི་ཉིན་གདན་ས་ཝྭེ་ཊི་ཁན་གྱི་མཐོ་རིམ་ལས་སྣེ་ཚོས་རྒྱ་ནག་གི་སྐུ་ཚབ་ཚོགས་པ་ཞིག་རོམ་ལ་ཕེབས་འཆར་ཡོད། ཁོང་ཚོ་ནམ་འབྱོར་གྱི་ཡོད་མེད་ཤེས་རྟོགས་བྱུང་མ་སོང་ཞེས་བཤད་པ་དང་། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་སྲིད་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་གོ་ཅིན་ཚེའེ་ཞེས་པ་ཞིག་གིས་གཏམ་བཤད་བྱས་པ་ལུང་འདྲེན་བྱས་དོན། རྒྱ་ནག་གཞུང་གིས་གདན་ས་ཆེན་པོ་ཝྭེ་ཊི་ཁན་ལ་གྲོས་མོལ་བྱས་ནས་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་གྲབས་ཡོད། གལ་སྲིད་གང་ཐད་དུ་འགོག་རྐྱེན་མ་འཕྲད་ན་ཟླ་མཇུག་འདིར་གྲོས་མཐུན་ཞིག་འཇོག་ཐུབ་པའི་རེ་བ་ཡོད་ཅེས་བཤད་འདུག གོ་ཅིན་ཚེའེ་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་ཞིག་ཡིན་རུང་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གྱིས་ངོས་ལེན་ཐོབ་མེད། ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་དང་བླ་ཆེན་ཕོབ་མཆོག་ལ་འཛམ་གླིང་ཡུལ་གྲུ་ཁག་གི་ཡེ་ཤུ་ཆོས་དཔོན་རྣམས་བསྐོ་བཞག་བྱེད་ཆོག་པའི་ལོ་རྒྱུས་ཀྱི་དབང་ཚད་ཡོད་ཀྱང་རྒྱ་ནག་གཞུང་གིས་ལོ་རྒྱུས་ཀྱི་སྐུ་དབང་དེར་ངོས་ལེན་བྱེད་ཀྱི་མེད་པ་དང་། ད་ལྟའི་གྲོས་གཞིའི་ཁོངས་སུ་རྒྱ་ནག་དམར་ཤོག་ཚོགས་པས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་༧་ལ་གདན་ས་ཝྭེ་ཊི་ཁན་གྱིས་ངོས་ལེན་བྱ་རྒྱུ་དང་རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་རྣམས་ཀྱི་བླ་ན་མེད་པའི་དབུ་ཁྲིད་བླ་ཆེན་ཕོབ་ཡིན་པར་རྒྱ་ནག་གཞུང་གིས་ངོས་ལེན་བྱ་རྒྱུའི་རེ་བ་འཆང་གི་ཡོད་རུང་། པེ་ཅིང་གི་དབང་འཛིན་པ་ཚོས་རང་ཡུལ་གྱི་ཡེ་ཤུ་ཆོས་དད་པ་ཚོར་བླ་ཆེན་ཕོབ་མཆོག་དང་གདན་ས་ཝྭེ་ཊི་ཁན་ལ་ཤུགས་རྐྱེན་ཐེབས་སུ་འཇུག་འདོད་མེད་པ་ཤིན་ཏུ་གསལ། དེང་སྐབས་རྒྱ་ནག་རྒྱལ་ཡོངས་སུ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་ས་ཡ་༡༢་ཙམ་ཡོད་པ་རྣམས་སྲིད་གཞུང་གི་ཆོག་མཆན་ཐོབ་པའི་ཡེ་ཤུའི་ཆོས་ཚོགས་ཁག་དང་སྲིད་གཞུང་གི་ཆོག་མཆན་མེད་པའི་ཡེ་ཤུའི་ཆོས་ཚོགས་ཁག་བཅས་ཤོག་ཁག་གཉིས་སུ་ཆད་ཡོད། རྒྱ་གཞུང་གི་ཆོག་མཆན་མེད་པའི་ཤོག་ཁག་དེས་སྲིད་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུ་ཆོས་དཔོན་ཚོར་ནམ་ཡང་ངོས་ལེན་བྱེད་ཀྱི་མེད་ཅིང་། ཧོང་ཀོང་གི་ཆོས་རྗེ་ཇཱོ་སེབ་ཟེན་སོགས་གདན་ས་ཝྭེ་ཊི་ཁན་ལ་དམ་ཚིག་འགྱུར་བ་མེད་པ་དེ་དག་གིས་བླ་ཆེན་ཕོབ་མཆོག་གིས་རྒྱ་ནག་གཞུང་ལ་བསྟུན་མཁས་གནང་བའམ། ཡང་ན་མི་རབས་མང་པོར་གདན་ས་ཝྭེ་ཊི་ཁན་ལ་གཞུང་དྲང་བློ་དཀར་ཡིན་པའི་ཡེ་ཤུ་ཆོས་དད་པ་ཚོར་དམ་ཚིག་འགལ་ཚེ། རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་རྣམས་གདན་ས་ཝྭེ་ཊི་ཁན་ལ་ཡིད་ཆེས་བརླག་སྲིད། ལྷག་པར་དུ་འདས་པའི་ལོ་མང་རིང་སྲིད་གཞུང་གིས་བཙུགས་པའི་ཡེ་ཤུའི་ཆོས་ཚོགས་ཁག་གི་ཁོངས་སུ་མ་ཞུགས་པར་གདན་ས་ཝྭེ་ཊི་ཁན་ལ་བློ་གཏད་འགྱུར་བ་མེད་པའི་ཡེ་ཤུ་ཆོས་དད་པ་ཚོར་རྒྱ་ནག་གཞུང་གིས་སྡང་ཟུག་བྱས་ནས་མནར་གཅོད་མྱོང་སྲིད་ཅེས་ཉེན་བརྡ་བཏང་འདུག སྲིད་གཞུང་གིས་བཙུགས་པའི་ཡེ་ཤུའི་ཆོས་ཚོགས་ཁག་གི་ཁོངས་སུ་མ་ཞུགས་པའི་ཡེ་ཤུ་ཆོས་དད་པ་ཚོར་བློ་འཚབ་ཆེན་པོ་འབྱུང་གི་ཡོད་པ་སྟེ། ལིན་ཅིན་ཆིང་ཟེར་པའི་ཡེ་ཤུ་ཆོས་དད་པ་ཞིག་གིས་ང་ཚོ་གཞུང་གི་ཆོས་ཚོགས་ཁོངས་སུ་ཞུགས་མེད། དེར་བརྟེན་རྒྱ་ནག་གཞུང་གིས་ང་ཚོར་གནོན་ཤུགས་ཆེན་པོ་སྤྲོད་ཀྱིན་འདུག ང་ཚོ་མང་པོ་ཞིག་གིས་བསམ་བློ་ཇི་ལྟར་གཏོང་དགོས་པའང་ཤེས་ཀྱིན་མི་འདུག ང་ཚོར་རང་དབང་གི་སྒོ་ནས་རང་གི་ཆོས་ལུགས་དད་མོས་ཉམས་ལེན་བྱེད་ཆོག་པའི་རང་དབང་དགོས། ཡིན་ནའང་ང་ཚོས་རང་དབང་དེའི་ཆེད་དུ་བློས་གཏོང་ཅི་ཙམ་བྱ་དགོས་སམ་ཟེར། རྒྱ་ནག་དབུས་ཕྱོགས་ཀྱི་ཡེ་ཤུ་ཆོས་དད་པ་ཞིག་གིས་གདན་ས་ཝྭེ་ཊི་ཁན་དང་རྒྱ་ནག་གཞུང་གཉིས་གྲོས་མཐུན་བྱུང་ན་ང་ཚོ་སྲིད་གཞུང་གི་ཆོས་ཚོགས་ཁོངས་སུ་ཞུགས་མེད་པའི་ཡེ་ཤུ་ཆོས་དད་པའི་རང་དབང་ཆུང་དུ་འགྲོ་ངེས་རེད་ཅེས་བཤད་ཡོད་པ་མ་ཟད། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་འགོ་ཁྲིད་ཚོས་སྲིད་གཞུང་གི་སྟངས་འཛིན་འོག་ཏུ་མེད་པའི་ཡེ་ཤུ་ཆོས་དད་པ་ཚོར་དྲག་གནོན་དང་འཛིན་བཟུང་། ཁོ་ཚོའི་ཡེ་ཤུའི་ལྷ་ཁང་རྣམས་གཏོར་བཤིག་བཏང་བ་དང་ཆོས་དཔོན་རྣམས་བཙོན་འཇུག གཟའ་འཁོར་འདིར་རྒྱ་ནག་གི་ཧྥུ་ཅན་ཞིང་ཆེན་གྱི་ཡེ་ཤུ་ཆོས་དཔོན་གོ་ཞི་ཅིན་ཞེས་པ་ཞིག་གིས་སྲིད་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་ཞིག་གི་མཉམ་དུ་སྟོན་པ་ཡེ་ཤུའི་འདས་ལོག་དུས་ཆེན་གྱི་བྱེད་སྒོ་སྤེལ་མེད་པར་བརྟེན། རྒྱ་ནག་གཞུང་གིས་ཆོས་དཔོན་གོ་ཞི་ཅིན་བཀག་ཉར་བྱས་པ་དང་། ད་དུང་གདན་ས་ཝྭེ་ཊི་ཁན་གྱིས་ཀྱང་ཆོས་དཔོན་གོ་ཞི་ཅིན་དང་དེ་མིན་གྱི་ཆོས་དཔོན་གཞན་ཞིག་བགྲེས་ཡོལ་ལ་ཕེབས་དགོས། ཁོང་ཚོས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུ་ཆོས་དཔོན་ཁག་ལ་ངོས་ལེན་བྱ་དགོས་ཞེས་བཀའ་བཏང་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG