ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་ཐུག་འཕྲད་ཀྱི་ཚེས་གྲངས་གཏན་ཁེལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཕྱི་ཟླ་༣་ཚེས་༢༩་ཉིན་ལྷོ་བྱང་ཀོ་རི་ཡའི་སྐུ་ཚབ་རྣམས་ཕྱོགས་གཉིས་ཀྱི་ས་མཚམས་སུ་ཐུག་འཕྲད་བྱས་ནས་ཕྱི་ཟླ་༤་ཚེས་༢༧་ཉིན་ལྷོ་བྱང་ཀོ་རི་ཡའི་ས་མཚམས་ཕན་མོམ་ཇོམ་གྱི་ཞི་བདེའི་ཁང་དུ་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་ཚེས་གྲངས་གཏན་ཁེལ་བྱུང་འདུག ད་ཐེངས་ཀྱི་ཐུག་འཕྲད་སྐབས་སུ་དུས་རབས་སྔོན་མའི་ལོ་རབས་༥༠་བ་ནས་ལྷོ་བྱང་ཀོ་རི་ཡ་གཉིས་དགྲ་ཁ་གཏད་དུ་གྱུར་ནས་དམག་འཁྲུག་གི་ཛ་དྲག་རབ་དང་རིམ་པ་ཞིག་བྱུང་བ་ཞི་འཇམ་གཏོང་རྒྱུ། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་མེད་པར་གཏོང་རྒྱུའི་གྲོས་མོལ་དང་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་བཅས་ལ་གྲོས་མོལ་བྱ་འཆར་ཡོད་ཅིང་། ཕྱི་ཟླ་༤་ཚེས་༤་ཉིན་ལྷོ་བྱང་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཁག་ཅིག་སྔོན་ལ་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་ཀྱི་འགོ་ཁྲིད་རྣམ་པའི་ཐུག་འཕྲད་གྲོས་མོལ་གྱི་གོ་རིམ་དང་སྒྲིག་སྲོལ། བདེ་འཇགས་སྲུང་སྐྱོབ་དང་གསར་འགྱུར་སྤེལ་ཕྱོགས་བཅས་ལ་སྔོན་འགྲོའི་གྲ་སྒྲིག་གི་ཚོགས་འདུ་འཚོགས་རྒྱུའི་གྲོས་མཐུན་བྱུང་ཡོད་པ་རེད། ༡༩༥༠་ནས་༥༣་བར་དུ་ལངས་པའི་ཀོ་རི་ཡའི་དམག་འཁྲུག་གི་རྗེས་སུ་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོ་ཕྱི་ལོ་༢༠༠༠་ལོ་དང་༢༠༠༧་ལོ་བཅས་ཐུག་འཕྲད་ཐེངས་གཉིས་ལ་མ་གཏོགས་བྱུང་མེད། ༡༩༤༥་ལོར་ཀོ་རི་ཡའི་གླིང་ཟུར་དེ་ཉིད་ཨུ་རུ་སུ་དང་རྒྱ་ནག་གིས་རྒྱབ་སྐྱོར་བྱས་པའི་བྱང་ཀོ་རི་ཡ་དང་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་བྱས་པའི་ལྷོ་ཀོ་རི་ཡ་ཞེས་ལྷོ་བྱང་རྒྱལ་ཁབ་གཉིས་ལ་གྱུར་ཡོད། ལོ་རབས་༩༠་བའི་མགོ་སྟོད་དེར་ཨུ་རུ་སུ་ལ་དམར་ཤོག་ལམ་ལུགས་འཐོར་ཞིག་སོང་བའི་རྗེས་སུ་བྱང་ཀོ་རི་ཡའི་རྒྱབ་སྐྱོར་པ་གཙོ་བོ་རྒྱ་ནག་ཡིན་ཞིང་། བདུན་ཕྲག་འདིར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གསང་ཐབས་ཀྱིས་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་ཞིས་ཅིན་ཕིང་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱས་པ་དང་། ཞིས་ཅིན་ཕིང་དང་ཀིམ་ཇུང་ཨུན་གཉིས་ཀྱིས་གྲོས་མོལ་གཙོ་བོ་ཅི་ཞིག་བྱས་པ་ཕྱོགས་གཉིས་ཀྱི་སྲིད་གཞུང་ཁག་གིས་ཕྱིར་བསྒྲགས་བྱས་མེད་ཀྱང་ཉམས་ཞིབ་པ་ཕལ་ཆེ་བས་ཟླ་བ་རྗེས་མར་ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་དང་། དེའི་རྗེས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པའི་སྐབས་སུ་བྱང་ཀོ་རི་ཡས་ལངས་ཕྱོགས་དང་རྩ་དོན་ཅི་ཞིག་མཁྲེགས་འཛིན་བྱ་དགོས་མིན། རྒྱ་ནག་གིས་བྱང་ཀོ་རི་ཡར་གནད་དོན་གང་འདྲ་ཞིག་གི་ཐོག་ཏུ་རྒྱབ་སྐྱོར་བརྟན་པོ་བྱ་འཆར་ཡོད་མེད། ཞིས་ཅིན་ཕིང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་ཐུག་འཕྲད་བྱས་མྱོང་ཡོད་པས་ཀིམ་ཇུང་ཨུན་ལ་ཌོ་ནལ་ཊོམ་དང་གྲོས་མོལ་ཇི་ལྟར་བྱ་དགོས་མིན་གྱི་རྒྱུས་སྟོན་མང་པོ་ཞིག་བྱས་ཡོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ལྷོ་ཀོ་རི་ཡའི་གཅིག་གྱུར་བློན་ཆེན་གྱིས་གསར་འགོད་པ་ཚོར་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་རིམ་པའི་ཐུག་འཕྲད་གྲོས་མོལ་དེའི་གྲོས་གཞི་གཙོ་བོ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པ་ཡིན་ཞེས་བཤད་ཀྱང་བྱང་ཀོ་རི་ཡའི་སྐུ་ཚབ་ཀྱིས་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་ཕྱོགས་གཉིས་ཀྱི་འགོ་ཁྲིད་རྣམ་པའི་གྲོས་གཞི་གཙོ་བོ་ཡིན་པ་ངེས་གཏན་བྱས་མེད་ཅིང་། ༢༠༡༧་ལོར་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་ལན་མང་བྱས་པར་བརྟེན། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་དམག་འཁྲུག་རྒྱག་སྲིད་པའི་ཛ་དྲག་བྱུང་ནས་ཨ་མི་རི་ཀའི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་ཕོན་ཆེན་ཞིག་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ཉེ་འཁོར་དུ་བཀྲམ་སྟེ། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ། ཉི་ཧོང་བཅས་ཀྱིས་བྱང་ཀོ་རི་ཡར་དམག་གིས་དྲག་རྒོལ་བྱ་རྒྱུའི་སྡིགས་ར་བསྐུལ་མོད། འོན་ཀྱང་ད་ལོའི་ཕྱི་ཟླ་༢་པར་ལྷོ་ཀོ་རི་ཡའི་ཕིང་ཁྲང་ས་གནས་སུ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འཚོགས་ནས་བྱང་ཀོ་རི་ཡའི་རྩེད་འགྲན་རུ་ཁག་ལྷོ་ཀོ་རི་ཡར་འཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་མཉམ་ཞུགས་བྱས་པ། ལྷག་པར་དུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་སྲིང་མོ་ཀིམ་ཡོ་ཇུང་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་སྒོ་འབྱེད་མཛད་སྒོར་ཞུགས་ཏེ། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཀིམ་ཡོ་ཇུང་ལ་གསོལ་སྟོན་བཤམས་ནས་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། ཀིམ་ཡོ་ཇུང་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་དགོས་པའི་མགྲོན་འབོད་བྱས་ནས་བཟུང་། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་དམག་འཁྲུག་གི་ཛ་དྲག་ཞི་འཇམ་དུ་སོང་ནས་འབྲེལ་བ་ཡར་རྒྱས་སོང་ཞིང་། ད་ལྟ་བྱང་ཀོ་རི་ཡའི་གཞུང་གིས་རྒྱ་ནག་དང་ལྷོ་ཀོ་རི་ཡ། ཨ་མི་རི་ཀ་བཅས་ལ་ཐད་ཀར་གྲོས་མོལ་བྱ་རྒྱུའི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པ་མ་ཟད། གཅིག་བྱས་ན་བྱང་ཀོ་རི་ཡས་ཨུ་རུ་སུ་དང་ཉི་ཧོང་ལའང་ཟུར་དུ་གྲོས་མོལ་བྱས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་ལམ་ཕྱོགས་སུ་སྐྱོད་ཀྱི་ཡོད་སྲིད། གཞན་ཡང་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དབྱང་ཅེ་ཁྲི་ཉི་མ་གཉིས་ལ་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ནས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཀྱིས་གྲོས་མོལ་བྱས་པའི་རྒྱུད་རིམ་རྣམས་ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོར་འགྲེལ་བཤད་རྒྱག་གི་ཡོད་པ་དང་། ཀིམ་ཇུང་ཨུན་པེ་ཅིང་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་བྱང་ཀོ་རི་ཡའི་གཞུང་ལ་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡར་ཞི་བའི་གྲོས་མོལ་བྱ་འདོད་ཡོད། གལ་སྲིད་བྱང་ཀོ་རི་ཡའི་བདེ་འཇགས་སྲུང་སྐྱོབ་ལ་འགན་ལེན་ཡོད་ན་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད་ཅེས་གཏམ་བཤད་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG