ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

རྔ་པ་དང་དཀར་མཛེས་ལ་དྲྭ་ལམ་བཀག་སྡོམ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཉེ་ཆར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གཞུང་གིས་རྫོང་ཁག་སོ་སོའི་སྤྱི་ཚོགས་བརྟན་ལྷིང་བཀོད་འདོམས་ཁང་ལ་བརྡ་ཁྱབ་ཞིག་བཏང་སྟེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པའི་ས་ཆ་ཁག་ཅིག་གི་ནང་དུ་དྲ་རྒྱའི་བརྒྱུད་ལམ་ཡོངས་སུ་བཅད་ཡོད་ཅིང་། བརྡ་ཁྱབ་དེར་འཁོད་གསལ་ལ་ཉེ་ཆར་སྤྱི་ཚོགས་གནས་སྟངས་ཀྱི་དགོས་མཁོའི་ཆེད་དུ་དཀར་མཛེས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་བཀོད་འདོམས་ཁང་གིས་ཐག་གཅོད་བྱས་པ་ལྟར་སྤྱི་ཟླ་༣་པའི་ཚེས་༨་ཀྱི་ཞོགས་པའི་ཆུ་ཚོད་༡༠་ནས་སྤྱི་ཟླ་༣་པའི་ཚེས་༡༥་མཚན་གྱི་ཆུ་ཚོད་༡༢་བར་དུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པའི་རྟའུ་རྫོང་དང་བྲག་མགོ་རྫོང་། དཀར་མཛེས་རྫོང་། གསེར་རྟ་རྫོང་། ཉག་རོང་རྫོང་། སྡེ་དགེ་རྫོང་། སེར་ཤུལ་རྫོང་། དཔལ་ཡུལ་རྫོང་། ལི་ཐང་རྫོང་དང་དར་མདོ་གྲོང་རྡལ་བཅས་སུ་སྐུད་ཡོད་དང་སྐུད་མེད་ཀྱི་དྲ་རྒྱ་ཡོངས་སུ་རྫོགས་པ་གཅོད་རྒྱུ་ཡིན་པ་མ་ཟད། ཁ་པར་གྱི་ལམ་ནས་པར་བསྐུར་མི་ཐུབ་པར་བཟོ་རྒྱུ་དང་། ཁ་པར་དང་ཁྱིམ་སྤྱོད་ཁ་པར་གྱི་ལམ་ནས་ཕྱིའི་རྒྱལ་ཁབ་ཁག་ལ་ཁ་པར་གཏོང་ལེན་ནམ། ཡང་ན་ཡི་གེ་སོགས་བསྐུར་མི་ཐུབ་པར་བཟོ་རྒྱུ་ཡིན་ཞེས་བརྡ་ཐོ་འབྱོར་ཡོད་པ་མ་ཟད། ས་གནས་སོ་སོའི་གཞུང་གི་རྒྱུན་ལྡན་གྱི་བྱ་བ་བསྒྲུར་པར་དྲ་སྒོ་འབྱེད་དགོས་པའི་ལས་ཁུངས་ཁག་གིས་དཀར་མཛེས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་བཀོད་འདོམས་ཁང་ལ་ཐོ་འགོད་བྱ་དགོས་ཞེས་འཁོད་འདུག གཞན་ཡང་ཉེ་ཆར་རྔ་པ་རྫོང་གི་རྨེའུ་རུ་མ་ཡུལ་ཚོའི་ཚེ་ཁོ་ཞེས་པ་ཞིག་གིས་རང་ལུགས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པ་ནས་བཟུང་སྟེ་རྔ་པ་རྫོང་གི་ཁོངས་སུ་ཡང་དྲ་རྒྱའི་འབྲེལ་ལམ་བཅད་ཡོད་པའི་གནས་ཚུལ་ཐོན་ཏེ། ཕྱི་ལོ་༢༠༠༨་ལོར་བོད་ས་ཡོངས་སུ་ས་བྱིའི་ཞི་རྒོལ་ཆེན་མོའི་ལས་འགུལ་བྱུང་ནས་བཟུང་སྟེ་བོད་ས་ཡོངས་སུ་དྲ་རྒྱའི་བརྒྱུད་ལམ་དང་ཁ་པར་གྱི་བརྡ་རྟགས་བཅད་པའི་གནས་ཚུལ་བསྟུད་མར་བྱུང་ཞིང་། ལོ་ལྟར་སྤྱི་ཟླ་༣་པའི་ནང་དུ་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ལ་ཁེལ་བ་དང་རྒྱ་ནག་གི་ཚོགས་ཆེན་གཉིས་འཚོགས་བཞིན་པའི་དུས་སྐབས་ལའང་ཁེལ་གྱི་ཡོད་པས་རྒྱ་གཞུང་གིས་སྤྱི་ཟླ་༣་པར་བོད་ཀྱི་ས་ཆ་ཁ་ཤས་ལ་དྲ་རྒྱའི་བརྒྱུད་ལམ་གཅོད་ཀྱི་ཡོད་པའི་གནས་ཚུལ་ཡང་ཡང་འབྱུང་བཞིན་ཡོད། ད་ལོ་ཡང་རྒྱ་ནག་གི་དྲིལ་བསྒྲགས་ཚན་པའི་ལས་ཁུངས་ཏེ། གསར་འགྱུར་ལས་ཁུངས་དང་པར་སྐྲུན་ཁང་སོགས་ལ་སྤྱི་ཟླ་༣་པའི་ཚེས་༡༤་ཉིན་ཡོངས་ཁྱབ་ཀྱིས་བཀའ་ཁྱབ་བཏང་སྟེ་དྲ་ལམ་དུ་བོད་དོན་སྐོར་གྱི་བརྡ་འཕྲིན་སྣ་ཚོགས་ཤིག་བསྐུར་བཞིན་པར་དོ་སྣང་ཆེན་པོ་བྱ་དགོས། གལ་ཏེ་གནོད་པ་ཡོད་པའི་བརྡ་འཕྲིན་རིགས་མཐོང་ན་དུས་ཐོག་ཏུ་འབྲེལ་ཡོད་ལས་ཁུངས་ཁག་ལ་སྙན་སེང་ཞུ་དགོས་པ་དང་ཐག་གཅོད་བྱ་དགོས་པའི་དམིགས་བསལ་གྱི་བརྡ་ཐོ་བཏང་ཡོད་པ་རེད། གཞན་ཡང་ཞིས་ཅིན་ཕིང་གིས་རྒྱ་ནག་གི་སྲིད་དབང་བཟུང་བའི་རྗེས་སུ་དྲ་རྒྱའི་བརྒྱུད་ལམ་ལ་སྔར་ལས་ལྷག་པའི་དམ་དྲག་དང་སྟངས་འཛིན་བྱས་ནས་དྲ་རྒྱའི་བདེ་འཇགས་ཀྱི་བཅའ་ཁྲིམས་ཞེས་པ་ཞིག་ཀྱང་གཏན་འབེབས་བྱས་ཡོད། ད་ལོའི་རྒྱ་ནག་གི་དམངས་ཆེན་དང་སྲིད་གྲོས་ཀྱི་ཚོགས་འདུ་གཉིས་གྲོལ་བའི་རྗེས་ཀྱི་སྤྱི་ཚེས་༢༠་ནས་མགོ་བརྩམས་ཏེ་དྲ་རྒྱར་དམ་དྲག་གི་ལས་འགུལ་ཞིག་ཀྱང་སྤེལ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག གལ་སྲིད་ལས་འགུལ་དེ་སྤེལ་བ་ཡིན་ན་རྒྱ་ནག་གི་ས་ཆ་གང་སར་དྲ་ལམ་གྱི་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་ནན་པོ་ཐེབས་ནས་ཆབ་སྲིད་ཀྱི་བགྲོ་གླེང་ཁོར་ཡུག་གུ་དོག་ཏུ་འགྲོ་སྲིད། དྲ་ཐོག་གི་གླེང་བརྗོད་སྣ་ཚོགས་གྱིས་རྐྱེན་པས་མི་མང་པོ་ཞིག་འཛིན་བཟུང་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཉེ་དུས་ནས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་དྲ་ལམ་གཙང་སེལ་ཞེས་པའི་ལས་འགུལ་ཞིག་མགོ་བརྩམས་པ་དང་། ཝུ་རུ་མུ་ཆིའི་ཉེན་རྟོག་ལས་ཁུངས་ཀྱིས་ཞིན་ཅང་གི་ས་གནས་ཁག་གི་དྲ་རྒྱར་སྟངས་འཛིན་ནན་པོ་བྱས་ནས་ཝྭི་ཕི་ཨེན་སོགས་དྲ་རྒྱའི་མཉེན་ཆས་བེད་སྤྱོད་གཏོང་མཁན་ཡོད་ན་ཁྲིམས་གཅོད་དྲག་པོ་བྱ་དགོས། སྐད་འཕྲིན་ནང་དུ་ཉེ་འདུ་ཚོགས་པ་དང་སློབ་གྲོགས་ཚོགས་པ་སོགས་འཛུགས་མི་ཆོག་ཅེས་བཀའ་ཁྱབ་བཏང་ཡོད་པ་རེད།།

XS
SM
MD
LG