ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིས་ཨུ་རུ་སུ་ལ་ཉེས་ཆད་བཙན་འགེལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་ནོར་སྲིད་ལྷན་ཁང་གིས་ཨུ་རུ་སུའི་སྤྱི་དམངས་༡༩་དང་བཟོ་ཚོང་ལས་ཁང་༥་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་ཏེ་༢༠༡༦་ལོར་ཨ་རུ་སུའི་གཞུང་གིས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་ཡོད་ཚུལ་དང་། ད་དུང་ཨུ་རུ་སུའི་གསང་བའི་ལས་ཁང་གིས་དབྱིན་ཇིའི་ས་ཐོག་ཏུ་ཡོད་པའི་ཨུ་རུ་སུའི་སོ་མྱུལ་ཟུར་པ་ཞིག་དང་མི་དེའི་བུ་མོ་གཉིས་ལ་རྫས་དུག་བཏང་ནས་གསོད་ཐབས་བྱས་ཡོད་པར་ཨ་མི་རི་ཀ་དབྱིན་ཇིའི་རྒྱབ་རྩར་ལངས་ནས་ཨུ་རུ་སུ་ལ་ཁ་རྡུང་དྲག་པོ་བཏང་འདུག ཨ་མི་རི་ཀའི་གསང་བའི་ལས་ཁང་ཁག་གིས་༢༠༡༦་ལོར་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་ནས་ཌོ་ནལ་ཊོམ་ལ་རྒྱབ་སྐྱོར་བྱས་འདུག་ཅེས་ར་སྤྲོད་བྱས་མོད། འོན་ཀྱང་ཌོ་ནལ་ཊོམ་གྱིས་ལོ་གཅིག་ལྷག་ལ་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་ཡོད་པའི་དཔང་རྟགས་མེད་ཅིང་། གལ་ཏེ་ཨུ་རུ་སུས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་ཡོད་པའི་དབང་དུ་བཏང་རུང་འོས་འདེམས་ཀྱི་གྲུབ་འབྲས་ལ་འགྱུར་བ་ཐེབས་མེད་ཅེས་ཨུ་ཚུགས་བརྒྱབ་ཡོད་པ་རེད། ཁ་སང་གཟའ་ཕུར་བུའི་ཉིན་གསར་འགོད་པ་ཚོས་ཕོ་བྲང་དཀར་པོའི་མགྲིན་ཚབ་པར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨུ་རུ་སུ་ལ་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་རྒྱུ་འགོ་ཚུགས་པ་ཡིན་ནམ། ད་བར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨུ་རུ་སུ་ལ་བསྟུན་མཁས་དང་འཛེམ་ཟོན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་བསྔགས་བརྗོད་བྱེད་པའི་སྲིད་ཇུས་དེར་འགྱུར་བ་གཏོང་རྒྱུའི་རྟགས་མཚན་ཡིན་ནམ་ཞེས་དྲིས་ཡོད། ཡིན་ནའང་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་གསར་འགོད་པ་ཚོར་ལན་འདེབས་གསལ་བོ་ཞིག་བྱས་མེད། སྲིད་དོན་ཉམས་ཞིབ་པ་ཚོས་ཨ་མི་རི་ཀའི་དམིགས་བསལ་ཞིབ་གཅོད་པ་དང་གསང་བའི་ལས་ཁང་ཁག་གིས་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་པའི་རྟགས་མཚན་གསལ་བོ་རྙེད་པ་དང་། ཨ་རིའི་གྲོས་ཚོགས་ཀྱིས་ཨུ་རུ་སུ་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་དགོས་པའི་གྲོས་ཆོད་བཞག་པ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ལོ་གཅིག་དང་ཟླ་བ་གཅིག་གི་རྗེས་སུ་ལག་ལེན་བསྟར་པ་ལས། ཁོང་གིས་ཨུ་རུ་སུ་ལ་འཛིན་པའི་སྲིད་ཇུས་དེར་འགྱུར་བ་བཏང་བ་མཚོན་དཀའ་ཞེས་གླེང་སློང་བྱས་ཡོད་པ་རེད། ཨ་རིའི་ཕྱི་འབྲེལ་མི་སྣ་མིང་འདོན་མ་བྱས་པ་ཞིག་གིས་ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ཀྱིས་སི་རི་ཡའི་དམག་འཐབ་ཤོག་ཁག་མ་འདྲ་བ་རེར་རྒྱབ་སྐྱོར་བྱས་ནས་འགལ་ཟླ་འབྱུང་གི་ཡོད་པ་དང་གཅིག ཨ་མི་རི་ཀས་ཨུ་རུ་སུར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་ནས་ཨུ་རུ་སུས་ཀྱང་ཐོ་གཞུང་ནག་པོ་ཞིག་བསྒྲིགས་ནས་ཉེས་ཆད་དེར་འབྲེལ་བ་ཡོད་པའི་ཨ་མི་རི་ཀ་བ་ཚོར་ལན་སློག་གི་ཡོད་པ་དང་གཉིས། ཕྱི་ཟླ་༣་ཚེས་༡་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ས་བཀྲ་ཞིག་ལ་བལྟས་ནས་མེ་ཤུགས་འཕུར་མདེལ་གསར་པ་ཞིག་ཚོད་ལྟ་བྱེད་ཀྱི་ཡོད་པའི་པར་བསྟན་ཏེ། ས་བཀྲ་དེ་ཨ་རིའི་ཧྥུ་ལོ་རི་ཌ་མངའ་སྡེའི་ས་བཀྲར་འདྲ་བོ་ཞིག་ཡིན་པ་དང་། སྲིད་འཛིན་ཌོ་ནལ་ཊོམ་ལ་ཧྥུ་ལོ་རི་ཌི་མངའ་སྡེར་ཡོད་པའི་མཱ་ར་ལ་གྷོ་སྤྲོ་སྐྱིད་ཁང་ཨུ་རུ་སུའི་མེ་ཤུགས་འཕུར་མདེལ་གསར་པ་དེའི་དམིགས་འབེན་ལ་བཟུང་ཡོད་པ་བཅས་དོན་ཚན་གསུམ་གྱི་ཐོག་ཏུ་ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ལ་འགལ་ཟླ་འབྱུང་གི་འདུག་ཅེས་བཤད་ཡོད་པ་མ་ཟད། ཨ་རིའི་གཞུང་གི་མཐོ་རིམ་ལས་སྣེ་ཞིག་གཞན་ཞིག་གིས་ཀྱང་ཌོ་ནལ་ཊོམ་གྱིས་སྲིད་དབང་བཟུང་བའི་དུས་སུ་ཨ་མི་རི་ཀས་ཨུ་རུ་སུ་ལ་འབྲེལ་བ་བཟང་པོ་ཞིག་འཛིན་རྒྱུའི་འབད་བརྩོན་བྱས་པ་ཡིན། ཡིན་ནའང་ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀར་བཟང་ལན་ངན་འཇལ་བྱས་སོང་ཞེས་བཤད་འདུག

XS
SM
MD
LG