ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

ཡུ་གུར་པ་ཚོ་ཕ་ཡུལ་ནས་མཐར་ཀྱང་ལྟ་རྟོག་འོག་ནས་མཐར་མེད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཨ་རིའི་རླུང་འཕྲིན་ཁང་ལ་ཨ་རིར་རྟེན་གཞི་བྱེད་ཡོད་པའི་ཡུ་གུར་པའི་མཐུན་ཚོགས་ཀྱི་ཚོགས་གཙོས་དཔེ་མཚོན་དང་བཅས་ཏེ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན་ཡུ་གུར་པ་རྣམས་ལུས་པོ་རང་གི་ཕ་ཡུལ་ནས་མཐར་ཀྱང་མཐོང་མི་ཐུབ་པའི་ལྐོག་གྱུར་གྱི་ལྟ་རྟོག་འོག་ནས་མཐར་ཐུབ་ཀྱི་མེད་པ་རེད། ཨ་མི་རི་ཀ་དང་ཡུ་རོབ་བཅས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཡུ་གུར་པ་ཚོར་ཞིན་ཅང་དུ་ཡོད་པའི་ནང་མི་ཚོས་ནན་སྐུལ་འོག་ཏུ་སྐད་འཕྲིན་ནང་དུ་ངོ་མི་ཤེས་པའི་མི་དེ་འདྲ་ཁ་སྣོན་བྱ་དགོས་ཐུག་གི་ཡོད་ཅིང་། ངོ་མི་ཤེས་པའི་མི་དེ་དག་གིས་ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་པ་རྣམས་ཀྱི་འཚོ་བ་དང་ལས་ཀ སྡོད་གནས་སོགས་ལ་རྒྱུས་ལོན་བྱ་ཐབས་བྱེད་བཞིན་པ་མ་ཟད། ད་དུང་དངུལ་སྒོར་གྱིས་བསླུ་བྲིད་བྱས་ནས་ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་པའི་ནང་ཁུལ་ལ་འགལ་ཟླ་དང་དཀའ་རྙོག་སློང་ཐབས་བྱེད་ཡོད་བཞིན་པ་རེད།། ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་པའི་གྲས་སུ་ཨ་རིིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཡུ་གུར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཡེ་ལི་ཕྱཱ་ཐི་ཡང་ཡོད་ཅིང་། སྤྱི་ལོ་༢༠༡༤་ལོར་ཞིན་ཅང་དུ་ཡོད་པའི་ཡེ་ལི་ཕྱཱ་ཐི་ཡི་སློབ་གྲོགས་ཉེན་རྟོག་པ་ཞིག་གིས་ཁ་པར་ཡོང་ནས་དངུལ་སྒོར་འབོར་ཆེན་སྤྲོད་རྒྱུའི་བསླུ་བྲིད་བྱ་ཐབས་བྱས་ཀྱང་དོ་བདག་གིས་དེ་ལ་ངོས་ལེན་མ་བྱས་པར་བརྟེན། ཁོང་གི་སྲིང་མོ་ཟླ་བ་མང་པོར་བཀག་ཉར་བྱས་འདུག སྤྱི་ལོ་༢༠༡༦་ལོར་ཞིན་ཅང་དུ་ཡོད་པའི་ཕ་མ་གཉིས་ཀྱིས་ཡེ་ལི་ཕྱཱ་ཐི་ལ་ཁ་པར་བཏང་ནས་དེ་རིང་ནས་བཟུང་སྟེ་ང་ཚོ་ཕ་མ་གཉིས་ལ་ཁ་པར་གཏོང་མི་དགོས། ང་ཚོར་དཀའ་ངལ་ཆེན་པོ་འདུག་ཅེས་བརྡ་ལན་ཐོས་པ་དེ་ནི་ཡེ་ལི་ཕྱཱ་ཐི་ཡིས་རང་གི་ཕ་མའི་སྐད་ངག་ཐོས་པ་མཐའ་མ་དེ་ཡིན་ཞིང་། ཉིན་དེ་ནས་བཟུང་སྟེ་ཡེ་ལི་ཕྱཱ་ཐི་ལ་མཚོན་ན་ཕ་ཡུལ་ཟེར་པའི་ས་ཆ་དེར་ཤི་ཟིན་པ་དང་འདྲ་བའི་ལྷིང་འཇགས་ཁོ་ན་ལས་གཞན་གང་ཡང་ལྷག་མེད་པ་རེད།། གོང་གི་གནས་ཚུལ་འདི་ལྟ་བུ་ནི་ཨ་མི་རི་ཀར་ཡོད་པའི་ཡུ་གུར་པ་ཚོར་འབྱུང་བཞིན་པ་ཁོ་ན་མ་ཡིན་པར་སྤྱི་ཟླ་༣་པའི་ཚེས་༢་ཉིན་བཏོན་པའི་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཞེས་པའི་དུས་དེབ་སྟེང་དུ་རྒྱ་ནག་གི་ས་གནས་བདེ་འཇགས་ལས་ཁུངས་ཀྱིས་ཧྥི་རན་སིར་ཡོད་པའི་ཡུ་གུར་པ་ཚོའི་སྡོད་གནས་དང་ལས་ཀ་བྱ་ཡུལ། འདྲ་པར་དང་ཧྥི་རན་སིའམ། རྒྱ་ནག་བཅས་རྒྱལ་ཁབ་གང་གི་སྤྱི་དམངས་ལག་ཁྱེར་ཡོད་མེད་དང་ལག་འཁྱེར་གྱི་འདྲ་བཤུས། གལ་སྲིད་ཧྥི་རན་སིའི་མི་ལ་གཉེན་སྒྲིག་བྱས་ཡོད་ན་གཉེན་སྒྲིག་དཔང་ཡིག་གི་ངོ་བཤུས་སོགས་རེག་ཐབས་བྱ་དགོས་པའི་མངག་བཀོད་བྱེད་ཀྱིན་འདུག་ཅེས་བཀོད་འདུག ཡང་དུས་དེབ་དེས་ཧྥི་རན་སིར་ཡོད་པའི་ཡུ་གུར་པ་ཞིག་ལ་བཅར་འདྲི་ཞུས་ནས་བཀོད་དོན། ཡུ་གུར་པ་ཞིག་ཡིན་ན་ཕྱིའི་རྒྱལ་ཁབ་ཀྱི་མི་ཁོངས་ཡིན་རུང་མི་དེའི་ནང་མི་རྣམས་ཞིན་ཅང་དུ་ཡོད་ཕྱིན་ཆད་ལ་ཁོ་ཚོ་གཏའ་མར་ཉར་རྒྱུ་རྒྱ་ནག་གི་སྲིད་ཇུས་མངོན་གསལ་དོད་ཤོས་ཤིག་རེད་ཅེས་བཤད་ཡོད་པ་རེད།། སྔ་ལོ་ཨ་རིའི་ནང་གི་གཞུང་འབྲེལ་མ་ཡིན་པའི་ཡུ་གུར་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན་རྒྱ་ནག་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་པ་ཚོར་ཡུན་རིང་པོ་ནས་སུན་གཙེར་བྱེད་བཞིན་པ་དང་། རྒྱ་ནག་ཏུ་ཡོད་པའི་ཡུ་གུར་པ་དེ་དག་གི་ནང་མི་ཚོ་གཏའ་མར་ཉར་ནས་ཉེན་བརྡ་སྣ་ཚོགས་གཏོང་བཞིན་ཡོད་པས། རང་དབང་གི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཡུ་གུར་པ་རྣམས་ད་དུང་ཡང་འཇིགས་སྣང་དང་སྐྲག་སྣང་གིས་མནན་ནས་རང་གི་མཐོང་ཐོས་མྱོང་གསུམ་རྣམས་འཛེམ་ཟོན་མེད་པར་བཤད་ཐུབ་ཀྱི་མེད་ཅིང་། ཡུ་གུར་པའི་ནང་ཁུལ་ལའང་རྒྱ་ནག་གཞུང་གིས་འགལ་ཟླ་སློང་གི་འདུག་ཅེས་བཀོད་ཡོད།། སྤྱི་ལོ་༢༠༠༩་ལོར་སུད་སིའི་ཉེན་རྟོག་པས་སུད་སིའི་སྤྱི་དམངས་ཡིན་པའི་ཡུ་གུར་པ་ཞིག་འཛིན་བཟུང་བྱས་ནས་ཡུ་གུར་པ་དེས་རྒྱལ་ཁབ་གཞན་གྱི་ཁེ་ཕན་ཆེད་དུ་སུད་སིར་ཡོད་པའི་མི་ཚོའི་གནས་སྟངས་དང་ཡིག་ཆ་འཚོལ་སྡུད་བྱེད་བཞིན་འདུག་ཅེས་བརྗོད་ཡོད། ཡང་ལོ་དེར་འཇར་མན་ཎིའི་ཉེན་རྟོག་པས་ཀྱང་རྒྱ་ནག་གི་མི་བཞི་འཛིན་བཟུང་གིས་མི་དེ་ཚོས་ས་གནས་དེའི་ཡུ་གུར་པའི་གནས་ཚུལ་བསྡུ་རུབ་བྱས་ནས་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱེད་ཀྱིན་འདུག་ཅེས་བཀོད་ཡོད་པ་རེད།།

XS
SM
MD
LG