ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

རྒྱ་ནག་གཙོས་ཨེ་ཤི་ཡའི་མཚོན་ཆ་འགྲན་སྡུར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ཟླ་༣་ཚེས་༥་ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་འགོ་ཚུགས་ཏེ། སྲིད་བློན་ལི་ཁེ་ཆང་གིས་༢༠༡༨་འདིར་རྒྱ་ནག་གིས་མི་དམངས་ཤོག་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གཅིག་གམ། ཡང་ན་རྒྱལ་སྲུང་འགྲོ་གྲོན་བརྒྱ་ཆ་༨་སྤར་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་པས་ཉི་ཧོང་དང་རྒྱ་གར། ལྷོ་རྒྱ་ནག་རྒྱ་མཚོ་སོགས་རྒྱ་ནག་ལ་མངའ་ཁོངས་རྩོད་གླེང་གི་འགལ་ཟླ་ཡོད་པའི་རྒྱལ་ཁབ་ཁག་གིས་ཀྱང་རང་གི་དམག་དོན་འགྲོ་གྲོན་སྤར་དགོས་ཐུག་གི་ཡོད་ཅིང་། རྒྱ་དཀར་ནག་དང་ཉི་ཧོང་སོགས་ཀྱིས་དམག་དོན་འགྲོ་གྲོན་ཅི་ཙམ་སྤར་ན་ཨེ་ཤི་ཡར་མཚོན་ཆ་ཡར་རྒྱས་ཀྱི་འགྲན་སྡུར་གསར་པ་ཞིག་འགོ་ཚུགས་རྒྱུ་ལྡོག་ཐབས་མེད། སྲིད་བློན་ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་ཆེན་སྒོ་འབྱེད་ཉིན་ང་ཚོའི་རྒྱལ་སྲུང་གནས་སྟངས་ལ་ཕྱོགས་ཡོངས་ནས་འགྱུར་བ་ཐེབས་ཡོད། ང་ཚོས་སྲིད་འཛིན་ཞིས་ཅིན་ཕིང་གི་རྒྱལ་སྲུང་དམག་དཔུང་གི་སྟོབས་ཤུགས་ཡར་རྒྱས་གཏོང་དགོས་པའི་ལམ་སྟོན་རྣམས་རྩ་འཛིན་ཚུལ་བཞིན་བྱ་དགོས། རྒྱ་ནག་གི་རྒྱལ་སྲུང་མཚོན་ཆ་དང་རྒྱལ་སྲུང་དམག་གི་སྟོབས་ཤུགས་ངེས་པར་དུ་ཡར་རྒྱས་གཏོང་དགོས་པ་མ་ཟད། དུས་རབས་༢༡་པའི་དཀྱིལ་དེར་རྒྱ་ནག་གི་དྲག་པོའི་སྟོབས་ཤུགས་འཛམ་གླིང་གི་དམག་དཔུང་རྩེ་ཕུད་ཀྱི་གྲས་སུ་ཚུད་ཐུབ་པའི་ཤུགས་སྣོན་རྒྱག་དགོས་ཞེས་ནན་བརྗོད་བྱས་འདུག ཉི་ཧོང་གི་ཧྥུ་ཁུའི་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་ཉམས་ཞིབ་པ་ཤི་མ་དྷས་བཤད་པ་ལྟར་ན་རྒྱ་ནག་གི་དམག་དོན་འགྲོ་གྲོན་ཁྱབ་བསྒྲགས་བྱས་པ་དང་དངོས་སུ་དམག་དོན་འགྲོ་གྲོན་གཏོང་གི་ཡོད་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། ང་ཚོས་བློ་འཚབ་བྱ་དགོས་པ་ནི་རྒྱ་ནག་གཞུང་གིས་ཨ་སྒོར་དུང་ཕྱུར་མང་པོ་དམག་དོན་གྱི་འགྲོ་གྲོན་ལ་གཏོང་གི་ཡོད་པ་གཅིག་པུ་མིན། རྒྱ་ནག་གི་དམག་གི་སྤུས་ཚད་ཡར་རྒྱས་འགྲོ་བཞིན་པར་སྐྲག་སྣང་སྐྱེ་དགོས། ཨ་རིའི་གཞུང་གིས་དམག་དོན་འགྲོ་གྲོན་མང་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཀྱང་རྒྱ་ནག་གི་དམག་དོན་འགྲོ་གྲོན་ལ་ཨ་མི་རི་ཀས་རྗེས་ཟིན་གྱི་མེད། པེ་ཅིང་གི་དབང་འཛིན་པ་ཚོས་རང་གི་དམག་དོན་འགྲོ་གྲོན་ངོ་མ་དེ་གསང་བ་བྱེད་ཀྱི་ཡོད་པ་ཡོངས་གྲགས་ཡིན་པ་དང་། ད་ལྟའི་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་མའོ་ཙེ་ཏུང་ལ་མིག་དཔེ་བལྟས་ནས་སྲིད་དབང་སྒེར་གཅོད་པ་ཞིག་ལ་གྱུར་ཡོད། རྒྱ་ནག་གི་སྲིད་གཞུང་དེའི་ངོ་བོ་དྲག་རྩུབ་ཡིན་པར་ཨེ་ཤི་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གིས་བློ་འཚབ་བྱ་དགོས་ཞེས་བཤད་ཡོད་པ་རེད། སྲིད་དོན་ཉམས་ཞིབ་པ་ཚོས་ཨེ་ཤི་ཡར་མཚོན་ཆ་ཡར་རྒྱས་ཀྱི་འགྲན་སྡུར་ཞིག་འགོ་ཚུགས་ཟིན་ཡོད། རྒྱ་ནག་གི་དམག་དོན་འགྲོ་གྲོན་སྤར་པ་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཉེན་ཀ རྒྱ་ནག་དང་ཉི་ཧོང་གཉིས་ལ་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་རྩོད་གླེང་གི་འགལ་ཟླ་ཡོད་པ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་མངའ་ཁོངས་རྩོད་གླེང་གི་འགལ་ཟླ་ཡོད་པ། བདུན་ཕྲག་སྔོན་མར་ལྷོ་ཀོ་རི་ཡའི་ཆོག་མཆན་མེད་པར་རྒྱ་ནག་གི་སོ་བའི་གནམ་གྲུ་ཞིག་ལྷོ་ཀོ་རི་ཡའི་མཁའ་དབྱིངས་སྲུང་སྐྱོབ་ཐིག་ཚད་ཀྱི་ནང་དུ་སིམ་འཛུལ་གྱིས་ལྷོ་ཀོ་རི་ཡའི་མཁའ་དབྱིངས་སྲུང་སྐྱོབ་ཀྱི་ཆ་རྐྱེན་ལེགས་ཉེས་ལ་ཉམས་ཚོད་བླངས་ཡོད་སྲིད་པ་དང་། ཁ་སྔོན་ཕྱི་ཟླ་དང་པོའི་ནང་དུ་རྒྱ་ནག་གི་མཚོ་འོག་དམག་གྲུ་ཁག་ཅིག་ཉི་ཧོང་གི་ལྷོ་ཕྱོགས་མཚོ་ཁོངས་སུ་ལྐོག་འཛུལ་བྱས་པ། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གིས་མུ་མཐུད་དུ་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ནས་དམག་གི་གནམ་ཐང་དང་གྲུ་ཁ། རེ་ཌ་འཕྲུལ་ཆས་བཙུགས་ནས་དམག་དོན་རྟེན་གཞི་ཞིག་ལ་སྒྱུར་གྱི་ཡོད་ཅིང་། འདི་ཙམ་ན་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཡར་རྒྱས་གཏོང་རྒྱུ་མཚམས་འཇོག་གི་མེད་པ། ཉི་ཧོང་གིས་ཨ་མི་རི་ཀ་ནས་ཉོ་སྒྲུབ་བྱས་པའི་ཨེ་ཧྥུ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་མཚོན་ཆ་གསར་པ། ཨི་ཟུ་མོ་དམག་གྲུ་ཆེན་མོ་སོགས་ཉི་ཧོང་གི་ཡུལ་སྲུང་དམག་ལ་བཀྲམ་ནས་བྱང་ཀོ་རི་ཡ་དང་རྒྱ་ནག་གི་བཙན་འཛུལ་བྱུང་ན་དེ་ལ་རྒོལ་ལན་སློག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་། ཉི་ཧོང་དང་རྒྱ་ནག་གི་རྩོད་གཞི་གཙོ་བོ་ཉི་ཧོང་སྐད་དུ་སན་ཀ་ཁུ་དང་རྒྱ་ནག་སྐད་དུ་ཏིའོ་ཡུའི་ཐེ་ཟེར་པའི་གླིང་ཕྲན་གསུམ་ཡིན། གལ་སྲིད་རྒྱ་ནག་གིས་ཉི་ཧོང་ལ་དམག་བརྒྱབ་ན་སྔོན་ལ་སན་ཀ་ཁུ་ཞེས་པའི་གླིང་ཕྲན་གསུམ་ལ་རྒོལ་རྡུང་འཕྲལ་དུ་འབྱུང་སྲིད། ཡིན་ནའང་ཉེན་ཀ་ཆེ་ཤོས་ནི་ཉི་ཧོང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ལམ་དུ་དཀྱིལ་ཤར་ས་ཁུལ་ནས་རྡོ་སྣུམ་ནང་འདྲེན་བྱེད་ཀྱི་ཡོད་པ་བརྒྱ་ཆ་༧༠་ཐམ་པ་འགག་སྲིད་པའི་ཉེན་ཀ་ཡོད། འདས་པའི་ལོ་ངོ་བཅུ་ཕྲག་མང་པོར་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཧྥི་ལི་ཕིན་དང་ལྷོ་ཤར་ཨེ་ཤི་ཡའི་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀས་སྲུང་སྐྱོབ་བྱ་རྒྱུའི་ཡིད་ཆེས་ཡོད་མོད། འོན་ཀྱང་ཌོ་ནལ་ཊོམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀས་སྔར་བཞིན་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་སྲུང་སྐྱོབ་བྱ་འཆར་ཡོད་མེད་ངེས་གཏན་མེད་པར་གྱུར་ཡོད་པ་རེད།།

XS
SM
MD
LG