ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཞིན་ཅང་ཏུ་དམ་དྲག་བྱེད་བཞིན་པའི་གནས་སྟངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཞིན་ཅང་དུ་རྒྱ་ནག་གཞུང་གིས་དམ་དྲག་གི་ཤུགས་ཆེ་ནས་ཆེ་རུ་གཏོང་བཞིན་ཡོད་པའི་སྐོར་ལ་ཕྱི་རྒྱལ་དུ་ཡོད་པའི་རྒྱ་མི་ཉམས་ཞིབ་པ་དང་ཕྱི་རྒྱལ་གྱི་སློབ་ཆེན་གྱི་དགེ་རྒན་སོགས་ནས་ཞིན་ཅང་ཡུ་གུར་གྱི་ས་ཆ་ཁྱོན་ཡོངས་ད་ལྟ་བཙོན་ར་ཞིག་གི་གནས་སྟངས་འོག་ཏུ་ལུས་ཡོད་པར་ངོས་འཛིན་གྱིས་གླེང་བརྗོད་མང་པོ་བྱེད་ཀྱི་འདུག ཞིན་ཅང་དུ་ཐ་ན་ཚོད་མ་གཏུབ་བྱེད་ཀྱི་གྲི་བེད་སྤྱོད་གཏོང་བར་ཡང་ཚོད་འཛིན་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཁྲིན་ཕོ་ཕུང་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་འཚོགས་པའི་ཞིན་ཅང་གི་ཆོས་ལུགས་དད་མོས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེགས་ཤིག་གི་ཐོག་ཏུ། ད་ལྟ་རྒྱ་ནག་ཁྱོན་ཡོངས་སུ་ཚོད་མ་གཏུབ་བྱེད་ཀྱི་གྲི་ལ་ཚོད་འཛིན་བྱེད་རྒྱུ་དམ་དྲག་ཆེ་ནས་ཆེ་རུ་འགྲོ་བཞིན་འདུག་ཅིང། སྲིད་ཇུས་འདི་ནི་ཞིན་ཅང་ནས་མགོ་བརྩམས་པ་ཞིག་རེད་ཅེས་དང་། ད་ལོའི་རྒྱ་ནག་གི་ལུགས་རྙིང་ལོ་གསར་གྱི་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་དབུལ་ཕོངས་ཁྱིམ་ཚང་དག་ལ་སྐོར་རྒྱག་ཏུ་འགྲོ་བཞིན་པའི་བརྙན་ཐུང་བཀྲམ་ཡོད་པའི་ནང་དུའང་ཁོ་ཚོའི་ཟས་རིགས་དང་ཅ་ལག་སོགས་མང་པོ་ཞིག་མཐོང་རྒྱུ་ཡོད་ནའང་ཚོད་མ་གཏུབ་བྱེད་ཀྱི་གྲི་མཐོང་རྒྱུ་མི་འདུག་ཅེས་ཟུར་ཟ་ཡང་བྱས་འདུག ལོ་ཁ་ཤས་ཀྱི་གོང་ནས་བཟུང་ཞིན་ཅང་དུ་ཚོད་མ་གཏུབ་བྱེད་ཀྱི་གྲི་ཉོ་ན་ཉེན་རྟོག་ལས་ཁུངས་སུ་ཐོ་རྒྱག་དགོས་པ་དང། ད་ལྟ་གྲི་ཡི་སྟེང་དུ་དོ་བདག་ངོས་འཛིན་ཐུབ་པའི་རྟགས་ཀྱང་འཁོད་འདུག ན་ནིང་རྒྱ་ནག་གི་ཚོགས་ཆེན་བཅུ་དགུ་བ་མ་འཚོགས་སྔོན་ནས་སྲིད་ཇུས་དེ་རྒྱ་ནག་རྒྱལ་ཡོངས་སུ་ལག་བསྟར་བྱས་ནས་ན་ནིང་ཟླ་བཅུ་བའི་ཡས་མས་སུ་རྒྱ་ནག་གི་ཚོང་ཁང་ཡོངས་སུ་གྲི་བཙོང་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པའི་སྐོར་ཡང་ཁྲིན་ཕོ་ཁུང་ལགས་ཀྱིས་བརྗོད་འདུག གཞན་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྐད་སྡེ་ཚན་གྱི་འགན་འཛིན་ཨེ་ལམ་ སེ་ཐོ་ཧྥུ་ཡིས་བཤད་ན་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་བཅུ་ཞེ་དགུའི་རྗེས་སུ་རྒྱ་ནག་གཞུང་གིས་ཞིན་ཅང་ལ་མངགས་པའི་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡི་གྲས་ནས་ད་ལྟ་དྲུང་ཆེ་གསར་བ་ཁྲིན་ཆོན་ཀོ་ཡི་སྲིད་ཇུས་ནི་གཞན་དང་མི་མཐུན་པ་ཞིག་རེད། དྲག་གནོན་བྱེད་བཞིན་པའི་ཤུགས་ཧ་ཅང་ཆེ་ཞེས་དང་། ད་ལྟ་ཞིན་ཅང་དུ་གང་ཡིན་སར་བརྙན་མིག་བཙུགས་ནས་ཐ་ན་མིའི་འགྲོ་སྟངས་ལ་བལྟས་ནས་ཀྱང་མི་སུ་ཡིན་ངོས་འཛིན་བྱེད་ཐུབ་པའི་ཚད་དུ་སླེབས་ཡོད་པ་དང་། སྤྱི་བའི་འགྲོ་ས་གང་དུའང་གློག་གི་བཤེར་ཆས་བཙུགས་ཡོད་པ་དང་། སྨི་ལྔ་བརྒྱ་ཡི་མཚམས་རེ་རེར་ཉེན་རྟོག་ལས་ཁུངས་ཆུང་ཆུང་རེ་བཙུགས་ཡོད་པ་དང་ལས་ཁུངས་རེར་དྲག་ཆས་ཉེན་རྟོག་པ་བརྒྱད་ནས་སུམ་བཅུ་བར་དུ་ཡོད་པ། རྒྱ་ནག་གུང་ཁྲན་ཏང་གིས་ཡུ་གུར་གྱི་མི་རབས་གསར་བ་དག་གི་བསམ་བློ་བཅོས་སྒྱུར་གཏོང་རྒྱུའི་ཆེད་དུ་བྱིས་གཉོར་ཁང་ནས་མཐོ་འབྲིང་བར་གྱི་བསླབ་དེབ་ཡུ་གུར་སྐད་ཡིག་གི་ནང་ཁྲིད་མི་ཆོག་པ་དང་། སྐྱེས་མ་ཐག་པའི་ཡུ་གུར་གྱི་བྱིས་པར་ཡུ་གུར་གྱི་མིང་བཏགས་མི་ཆོག་པ། ཡུ་གུར་གྱི་ཤེས་ཡོན་པ་དང་སྒྱུ་རྩལ་བ། ཁེ་ལས་བ་སོགས་མི་མང་པོ་འཛིན་བཟུང་དང་ཆབ་སྲིད་སློབ་སྦྱོང་གི་འཛིན་གྲྭར་ཞུགས་སུ་འཇུག་བཞིན་པ། སློབ་སྦྱོང་འཛིན་གྲྭ་སོགས་ནི་མིང་སྙན་པོ་ཙམ་ལས་དོན་ངོ་མའི་ཐོག་འདི་དག་ནི་གྱང་མཐོན་པོ་དང་ལྕགས་དྲས་བསྐོར་བ། བརྙན་མིག་དང་སྲུང་དམག་གི་དམ་དྲག་འོག་ཡོད་པའི་བཙོན་ཁང་ནག་པོ་ཞིག་རེད་ལ། ཞིན་ཅང་ཁ་ཞི་སྒར་གཅིག་པོ་ནས་ཀྱང་ད་སྔ་མི་འབུམ་གཅིག་དང་ཁྲི་གཉིས་ལྷག་སློབ་སྦྱོང་འཛིན་གྲྭར་མིང་བཏགས་ཡོད་པའི་བཀག་ཉར་ཁང་དུ་ཁྲིད་ཡོད་པ་དང་། བསྡོམས་རྩིས་བྱས་པ་ལྟར་ན་ད་སྔ་ཞིན་ཅང་ཁྱོན་ཡོངས་སུ་མི་འབོར་བྱེ་བ་གཅིག་དང་ས་ཡ་གཅིག་ཡོད་པའི་ནང་ནས་བརྒྱ་ཆའི་ལྔ་བཀག་ཉར་བྱས་དང་བྱེད་བཞིན་པ་དེའི་མི་གྲངས་ཁྲི་ལྔ་བཅུ་ལ་སླེབས་ཡོད་པ་རེད་ཅེས་ཀྱང་བརྗོད་འདུག གཞན་ཡང་ཨ་རིའི་ཇོར་ཇི་ཝ་ཤིང་ཊོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ སེ་ཨིན་ རོ་སྦིར་ཁྲི་ཡིས་བརྗོད་ན་རྒྱ་ནག་གིས་ཨ་རིའི་དགུ་བའི་བཅུ་གཅིག་གི་དོན་རྐྱེན་གྱི་རྗེས་ནས་བཟུང་ཡུ་གུར་གྱི་འཇིགས་སྐུལ་དྲག་སྤྱོད་པ་ཞེས་པའི་མིང་བཏོན་པ་དང་དེའི་རྗེས་ཀྱི་ལོ་བཅུ་ལྷག་གི་རིང་ལ་དྲག་སྤྱོད་པར་ཁ་གཡར་ནས་དམ་དྲག་ཤུགས་ཆེ་ནས་ཆེ་རུ་གཏོང་བཞིན་པ་དང་། དྲག་གནོན་ལ་དྲག་རྒོལ་དང་དྲག་རྒོལ་ལ་ཡང་བསྐྱར་དྲག་གནོན་བྱེད་ཀྱི་ཡོད་པའི་གནས་སྟངས་འདི་ཡང་བསྐོར་བསྐྱར་བསྐོར་བྱས་ནས་བསྡད་ཡོད་པ་རེད་ཅེས་ཀྱང་བརྗོད་འདུག

XS
SM
MD
LG