ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༣/༢༣

བྱང་ཀོར་གྱི་སོ་བའི་འགོ་ཁྲིད་ཟུར་པ་ལྷོ་ཀོར་དུ་ཕེབས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།ལྷོ་ཀོ་རི་ཡར་འཚོགས་བཞིན་པའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ནི་གཟའ་ཉི་མའི་ཉིན་མཇུག་བསྡུ་རྒྱུ་དང་། བྱང་ཀོ་རི་ཡའི་གསང་བའི་ལས་ཁང་གི་འགོ་ཁྲིད་ཟུར་པ་ཀིམ་ཡུང་ཆོལ་གྱིས་རང་གི་རྒྱལ་ཁབ་ཀྱི་རྩེད་འགྲན་རུ་ཁག་གི་སྣེ་ཁྲིད་ནས་ལྷོ་ཀོ་རི་ཡའི་ཕིང་ཁྲང་ས་གནས་སུ་ཚོགས་པའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་མཇུག་བསྡུའི་མཛད་སྒོར་མཉམ་ཞུགས་བྱ་འཆར་ཡོད་ཅིང་། དེང་སྐབས་ཀིམ་ཡུང་ཆོལ་བྱང་ཀོ་རི་ཡའི་ངལ་རྩོལ་གཞུང་འཛིན་ཚོགས་པའི་གཙོ་འཛིན་གཞོན་པ་ཡིན་རུང་༢༠༡༠་ལོར་ཀིམ་ཡུང་ཆོལ་ནི་བྱང་ཀོ་རི་ཡའི་གསང་བའི་ལས་ཁང་གི་འགོ་ཁྲིད་ཡིན། སྐབས་དེར་ལྷོ་ཀོ་རི་ཡའི་མཚོ་དམག་གྲུ་གཟིངས་ཤིག་ལ་ལྐོག་ཏུ་གཏོར་རྒོལ་ཕོག་ནས་མི་༤༦་ལ་སྲོག་སྐྱོན་བྱུང་བས་ལྷོ་ཀོ་རི་ཡའི་གསང་བའི་ལས་ཁང་གིས་༢༠༡༠་ལོའི་གཏོར་རྒོལ་དེར་བྱང་ཀོ་རི་ཡའི་གསང་བའི་ ལས་ཁང་གི་འགོ་ཁྲིད་ཀིམ་ཡུང་ཆོལ་གྱིས་བཀོད་འདོམས་བྱས་ཡོད་པའི་དོགས་པ་བྱེད་ཀྱིན་ཡོད་པ་རེད། ད་ལོའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་སྒོ་འབྱེད་མཛད་སྒོར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་སྲིང་མོ་ཀིམ་ཡོ་ཇུང་མཉམ་ཞུགས་བྱས་པ་དང་། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཀིམ་ཡོ་ཇུང་ལ་གསོལ་སྟོན་བཤམས་ནས་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་དགོས་ཞེས་མགྲོན་ཤོག་ལག་བྲིས་མ་ཞིག་བསྐུར་ཏེ། ཀིམ་ཡོ་ཇུང་གིས་རང་གི་ཕུ་བོས་བསྐུར་པའི་མགྲོན་ཤོག་དེ་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་དངོས་སུ་ཕུལ་ཡོད། ལྷོ་ཀོ་རི་ཡའི་སྲིད་འཛིན་མུ་ཅེ་དབྱིན་གྱིས་ཀྱང་དུས་ཚོད་འོས་འཚམས་ཤིག་ལ་བྱང་ཀོ་རི་ཡར་འཚམས་འདྲིར་ཡོང་ཆོག་ཅེས་མོས་མཐུན་བྱས་འདུག ད་ལྟ་བྱང་ཀོ་རི་ཡའི་གསང་བའི་ལས་ཁང་གི་འགོ་ཁྲིད་ཟུར་པས་སྣེ་ཁྲིད་པའི་མཐོ་རིམ་གཞུང་འབྲེལ་མི་༨་ལྷོ་ཀོ་རི་ཡར་ཕེབས་ཟིན་ཡོད་པ་ དང་། ཁོ་ཚོ་གཟའ་ཕུར་བུ་ནས་གཟའ་ཉི་མའི་ཉིན་ཏེ་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་མཇུག་བསྡུའི་མཛད་སྒོའི་བར་དུ་འདུག་འཆར་ཡོད་པ་དེ་ལ་བལྟས་ཚེ། ཐེངས་འདིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་བརྒྱུད་ནས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་ཡག་ཏུ་འགྲོ་བཞིན་པའི་རྣམ་པ་ཞིག་ཐོན་ཡོད། གཟའ་ཉི་མའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་མཇུག་བསྡུའི་མཛད་སྒོར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་བུ་མོ་ཨི་ཝྭན་ཁ་ཡང་མཉམ་ཞུགས་བྱེད་ཀྱི་ཡོད་རུང་ཁོ་མོར་བྱང་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོར་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་འཆར་གཞི་མེད་ཅིང་། ལྷོ་ཀོ་རི་ཡའི་གཞུང་གིས་བར་འདུམ་བྱས་ནས་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་སྒོ་འབྱེད་མཛད་སྒོའི་སྐབས་སུ་ཨ་རིའི་སྲིད་འཛིན་གཞོན་པ་མེཀ་ཕན་སི་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་སྲིང་མོ་ཀིམ་ཡོ་ཇུང་གཉིས་ཐུག་འཕྲད་རྒྱུའི་གྲ་སྒྲིག་བྱས་མོད། འོན་ཀྱང་ཨ་རིའི་སྲིད་འཛིན་གཞོན་པས་བྱང་ཀོ་རི་ཡའི་འགྲོ་བ་ མིའི་ཐོབ་ཐང་གི་ཟིན་ཐོར་སྐྱོན་བརྗོད་དང་ཨ་མི་རི་ཀས་བྱང་ཀོ་རི་ཡར་སྔར་ལས་ལྷག་པའི་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱ་རྩིས་ཡོད་ཅེས་གཏམ་བཤད་བྱས་པས། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་སྲིང་མོ་ཀིམ་ཡོ་ཇུང་གིས་ཨ་རིའི་སྲིད་འཛིན་གཞོན་པར་ཐུག་འཕྲད་བྱས་མེད་པ་རེད། བྱང་ཀོ་རི་ཡའི་མཐོ་རིམ་འགོ་ཁྲིད་ཀིམ་ཡུང་ཆོལ་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་ཐོ་གཞུང་ནག་པོར་འཁོད་ཡོད་པ་དང་། ཁོ་པ་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་ས་ཐོག་ཏུ་ཡོང་ན་ཁྲིམས་གཅོད་བྱ་དགོས་ཞེས་བཀོད་མོད། འོན་ཀྱང་ལྷོ་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀར་བྱང་ཀོ་རི་ཡའི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་ཀིམ་ཡུང་ཆོལ་ཐོ་གཞུང་ནག་པོ་ནས་བསུབ་དགོས་ཞེས་འབོད་སྐུལ་ཞུས་ཏེ། ཀིམ་ཡུང་ཆོལ་ལྟ་བུའི་མཐོ་རིམ་འགོ་ཁྲིད་ཚོ་ཕིང་ཁྲག་ས་གནས་སུ་ཚོགས་པའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་མཇུག་བསྡུའི་མཛད་སྒོར་མཉམ་ཞུགས་བྱས་ན་དགེ་མཚན་ཆེ། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་ཡག་ཏུ་བཏང་ནས་གླིང་ཟུར་ འདིར་ཞི་བདེ་བརྟན་ལྷིང་བསྐྲུན་ཐུབ་པའི་ཕན་ཐོག་ཡོད་ཅེས་རྒྱུ་མཚན་བགྲངས་འདུག ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡར་ཞི་བའི་གྲོས་མོལ་བྱ་རྒྱུ་ཡིན། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་ཡག་ཏུ་གཏོང་རྒྱུ་ཡིན་ཞེས་ཁས་ལེན་དམ་བཅའ་བཞག་ནས་སྲིད་འཛིན་ལ་འདེམས་ཐོན་བྱུང་ཡོད། ཡིན་ནའང་ཁོང་གིས་བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆ་རྣམས་མེད་པར་གཏོང་རྒྱུའི་གྲོས་མོལ་མ་བྱས་པ་དང་། ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ལ་བསྒྱུར་དགོས་པའི་ཆ་རྐྱེན་ཁག་མ་བསྒྲུབས་ན་ང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་བྱ་རྒྱུ་མིན། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་གནད་དོན་གཙོ་བོ་ཡིན་ཞེས་བཤད་ཀྱང་བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆའམ། ཡང་ན་མེ་ཤུགས་འཕུར་མདེལ་གྱི་སྐོར་ལ་གྲོས་མོལ་བྱ་འདོད་མེད་ཅེས་དགག་པ་གསལ་བོ་བརྒྱབ་ཡོད་པ་རེད།།

XS
SM
MD
LG