ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གཞུང་གིས་ཞིན་ཅང་ལ་ལྟ་རྟོག་ནན་པོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་པ་ཚོར་དེང་དུས་ཀྱི་འཕྲུལ་རིག་ལག་རྩལ་དང་ཐབས་ལམ་སྣ་ཚོགས། ཡུ་གུར་མི་རིགས་ལ་ཕྱོགས་ཡོངས་ནས་དམ་དྲག་བྱེད་བཞིན་ཡོད་པ་རྣམས་ཨ་མི་རི་ཀའི་ནེའུ་ཡོག་དུས་བབ་གསར་ཤོག་ལ་རྒྱ་ནག་སྐོར་གྱི་མཁས་པ་ཨ་མི་རི་ཀའི་འཇོར་ཇི་ཊོང་གཙུག་ལག་སློབ་གྲྭའི་ལོ་རྒྱུས་སློབ་དཔོན་མིལ་ཝར་ཌིས་རྩོམ་ཡིག་བྲིས་ནས་གསལ་སྟོན་བྱས་ཡོད་ཅིང་། རྩོམ་ཡིག་དེའི་འགོ་བརྗོད་ལ་རྒྱ་གཞུང་གི་ལྟ་སྲུང་འོག་ཏུ་ཡོད་པའི་ས་གནས་ཞིག་ཏུ་འཚོ་གནས་བྱ་དགོས་ན་གང་འདྲ་ཡོད་དམ་ཞེས་འཁོད་འདུག ལོ་རྒྱུས་སློབ་དཔོན་མིལ་ཝར་ཌིས་ཡུ་གུར་པ་ཚོས་རང་གི་ཉིན་རེའི་འཚོ་བའི་ནང་དུ་ལྟ་སྲུང་སྣ་ཚོགས་ཤིག་མྱོང་དགོས་པའི་འགྲེལ་བཤད་གསལ་བོ་བརྒྱབ་ཡོད་པ་སྟེ། མི་ཞིག་ལས་ཀར་འགྲོ་བའམ། ཡང་ན་ལས་དོན་ཙག་ཙིག་གི་ཆེད་དུ་ཁྱིམ་ནས་ཕྱི་ལ་ཐོན་དུས་ལམ་ཐག་རྒྱང་ཁད་མི་ཊར་བརྒྱ་རེའི་མཚམས་སུ་ཉེན་རྟོག་པའི་འགག་སྒོ་རེ་བརྒལ་དགོས། སྲང་ལམ་གྱི་ཟུར་གདོང་ཁག་ཏུ་པར་ཆས་བཙུགས་པ་དང་ལམ་ཁའི་གློག་སྡོང་གི་ཀ་བའི་སྟེང་དུ་ལྟ་ཞིབ་པར་ཆས་བཙུགས་ཡོད་པར་བརྟེན། དོ་བདག་གི་ངོ་གདོང་རྣམས་འཕྲུལ་ཆས་ཀྱིས་སྒྲ་འཇུག་བྱས་པ་དང་འགྲོ་སྐྱོད་ལ་པར་ཆས་ཀྱིས་ལྟ་སྲུང་བྱེད་པ། ཉེན་རྟོག་པའི་ས་ཚིགས་མང་པོར་ཡུ་གུར་པའི་ཐོབ་ཐང་ལག་འཁྱེར་ལ་འཕྲུལ་ཆས་ཀྱིས་ཞིབ་བཤེར་བྱས་ནས་མིག་རིལ་གཉིས་པར་བརྒྱབ་ནས་ཞིབ་བཤེར་བྱེད་ཀྱི་ཡོད་པ་མ་ཟད། ཡུ་གུར་པའི་ཁ་པར་ནང་དུ་སྔོག་བཤེར་བྱས་ནས་འདྲ་པར་དང་ཨང་གྲངས་སོགས་ལ་ཞིབ་བཤེར་བྱེད་པ་དང་། ཁྲོམ་ར་དང་དངུལ་ཁང་སོགས་ལ་བསྐྱོད་དུས་སླར་ཡང་ཡུ་གུར་པ་ཚོར་གློག་རྒྱུག་གིས་ལུས་བཤེར་བྱས་པ་དང་ལག་ཏུ་འཁྱེར་པའི་རྒྱབ་ཁུག་དང་ཅ་ལག་རྣམས་སློག་པར་འཕྲུལ་ཆ་ནང་དུ་གཏོང་དགོས་པ་བཅས་ཡུ་གུར་པ་ཚོར་དམིགས་སུ་བཀར་ནས་དམ་དྲག་བྱེད་ཀྱི་ཡོད་པ་ལས། མི་རིགས་གྲངས་མང་ཡིན་པའི་རྒྱ་མི་རིགས་རྣམས་བདེ་འཇགས་སྲུང་སྐྱོབ་ཀྱི་རྒྱུད་རིམ་མགོ་བོ་རྙོག་འཛིང་ཅན་འདི་བརྒྱུད་དགོས་ཀྱིན་མི་འདུག་ཅེས་རྩོམ་ཡིག་དེར་འཁོད་འདུག རྒྱ་ནག་གཞུང་གིས་མི་སྒེར་གྱི་རྒྱབ་ལྗོངས་གནས་ཚུལ་གྱི་མཉམ་དུ་མཛུབ་མཐིལ་དང་མིག་རིལ་གྱི་ཁ་མདོག ཁྲག་གི་རིགས་སོགས་ལུས་ཕུང་གི་རྒྱུད་རྫས། ད་དུང་གཞུང་གིས་འགྲེམ་སྤེལ་བྱས་པའི་ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས་བཅས་པ་གཞུང་གི་རེའུ་མིག་ཏུ་བཀོད་ནས་དབྱེ་ཞིབ་ཀྱིས་ཡུ་གུར་པ་རྣམས་ཉེན་ཀ་ཅན་དང་ཉེན་ཁ་མེད་པ་པའི་ཁོངས་སུ་བཅུག་སྟེ། འགྲེམ་སྟོན་ཁང་དུ་བསྐྱོད་ཆོག་པ་དང་བསྐྱོད་མི་ཆོག་པ། མགྲོན་ཁང་གླ་ཆོག་པ་དང་གླ་མི་ཆོག་པ། ཁང་པ་གླ་ཆོག་དང་མི་ཆོག་པའི་དབྱེ་བ་ཕྱེ་ཡོད་པར་བརྟེན། ད་ལྟའི་རྒྱ་ནག་འདི་མའོ་ཙེ་ཏུང་དུས་སྐབས་དང་མི་འདྲ་བར་འགྱུར་བ་ཆེན་པོ་ཞིག་ཐེབས་ཡོད། འདི་དང་དུས་མཚུངས་སུ་རྒྱ་ནག་ལ་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་དར་ནས་ཐབས་ལམ་དང་ལག་རྩལ་རྙིང་པ་རྣམས་རིང་དུ་དོར་ནས་དུས་རབས་དང་བསྟུན་ནས་ཚད་མཐོའི་འཕྲུལ་རིག་ལག་རྩལ་གྱིས་མི་དམངས་ལ་དབང་སྒྱུར་བྱེད་ཀྱི་ཡོད་པ་རེད།། ཕྱོགས་གཞན་ཞིག་ནས་སྲིད་འཛིན་ཞི་ཅི་ཕིང་གིས།་དར་ལམ་གསར་པ་ཞེས་པ་དེ་ཞིན་ཅང་རྒྱུད་ནས་ཁ་ཆེའི་ཆོས་དད་ཅན་གྱི་དབུས་ཨེ་ཤི་ཡ་དང་དཀྱིལ་ཤར་རྒྱལ་ཁབ་དང་འབྲེལ་ལམ་མཐུད་རྒྱུ་ཡིན་པས། དམར་ཤོག་ཚོགས་པའི་རྒྱལ་ནང་གི་སྲིད་བྱུས་དང་རྒྱལ་སྤྱིའི་མངོན་འདོད་དབར་འགལ་ཟླ་ཡོད་པ་གསལ་སྟོན་བྱས་འདུག བོད་མི་ཚོས་རྒྱ་ནག་གིས་སྡུག་རྩུབ་ལ་རྒྱུད་མངའ་ཡག་པོ་ཡོད། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་རིག་གཞུང་ཁྲིམས་འགལ་རྩིས་ཀྱི་ཡོད་ན། ཧོང་ཀོང་བའི་ས་གནས་ཀྱི་རིག་གཞུང་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་གནས་བབས་དེ་ག་འདྲ་ཆགས་མིན་བསམ་གཞིགས་བྱེད་དགོས་པ་མ་ཟད། ཐེ་ཝན་རྒྱ་ནག་སྐམ་ས་དང་གཅིག་སྒྲིལ་བྱེད་ན་གནས་སྟངས་ག་འདྲ་ཆགས་མིན་དང་། མི་སྒེར་གྱི་འགྲོ་བསྡོད་སྤྱོད་གསུམ་ལ་གཞུང་གིས་བྱ་ར་བྱེད་པའི་གནས་སྟངས་དེ་རྒྱ་ནག་ཁྱོན་ཡོངས་ལ་ཁྱབ་བརྡལ་འགྲོ་རྒྱུ་ཡིན་མིན་དང་། དེ་འཛམ་གླིང་ཡོངས་ལ་ཁྱབ་རྒྱུ་ཡིན་མིན་བསམ་གཞིགས་བྱེད་དགོས་ཀྱི་རེད་ཅེས་རྩོམ་ཡིག་ནང་བཀོད་འདུག

XS
SM
MD
LG