ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༢༣

ཡུ་གུར་པ་འབུམ་གཅིག་ལྷག་བཀག་ཉར།


ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་དངོས་སུ་མིང་འདོན་མ་བྱས་པའི་ཞིན་ཅང་གི་ཁ་ཤི་སྒར་གྲོང་ཁྱེར་ཁོངས་ཀྱི་ཆ་རེ་སི་ཟེར་པའི་གྲོང་སྡེའི་བདེ་འཇགས་འགོ་གཙོ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་དང་། ད་དུང་ཁ་ཤི་སྒར་གྲོང་ཁྱེར་གྱི་ས་ཁུལ་གཞན་ཁག་ནས་གནས་ཚུལ་འབྱོར་པར་གཞིགས་ན་རྒྱ་ནག་གཞུང་གིས་ཞིན་ཅང་ལ་བསྐྱར་དུ་སློབ་གསོ་སྤེལ་ཡུལ་ཟེར་པའི་བཀག་ཉར་ཁང་བཙུགས་ཡོད་པ་དེ་དག་གི་ནང་དུ་ཉུང་མཐའ་ཡང་ཡུ་གུར་པ་འབུམ་དང་ཁྲི་ཚོ་གཉིས་ཙམ་བཀག་ཉར་བྱེད་བཞིན་ཡོད་ཅིང་། ཞིན་ཅང་གི་གནས་ཚུལ་མཁོ་སྤྲོད་པ་དེས་༢༠༡༧་ལོའི་ཕྱི་ཟླ་༤་པ་ནས་བཟུང་སྟེ་ཞིན་ཅང་ལ་ཐལ་སྐྱོད་པ་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་སོགས་ཀྱི་མིང་འདྲ་མིན་ཞིག་བཏགས་ནས་ཡུ་གུར་པ་འཛིན་བཟུང་དང་བཀག་ཉར་བྱ་ཤུགས་ཆེ་རུ་བཏང་སྟེ་ཞིན་ཅང་ཁྱོན་ཡོངས་སུ་བཀག་ཉར་ཁང་ཧ་ཅང་མང་པོ་བཙུགས་ནས་བསྐྱར་དུ་བསམ་བློའི་སློབ་གསོ་ཟེར་པའི་ལས་འགུལ་ཞིག་སྤེལ་བཞིན་འདུག ཁ་ཤི་སྒར་གྲོང་ཁྱེར་གཅིག་པུར་བཀག་ཉར་ཁང་དེའི་རིགས་ཆེན་པོ་བཞི་འདུག་ཅེས་འགྲེལ་བརྗོད་བྱས་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ལྕམ་མཱེ་ཝང་གིས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུར་གུར་པ་འབུམ་གཅིག་དང་ཁྲི་ཚོ་གཉིས་ཙམ་བཀག་ཉར་བྱེད་བཞིན་ཡོད་པའི་གྲངས་འབོར་དེར་ཡིད་རྟོན་འོས་པ་ཞིག་རེད། སྤྱིར་རྒྱ་ནག་གཞུང་གིས་ཞིན་ཅང་ལ་དྲག་གནོན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་ཚུལ་ཁག་ཕྱིའི་གསར་འགྱུར་སོགས་ཀྱིས་ཤེས་རྟོགས་ཐུབ་རྒྱུར་བཀག་འགོག་ཆེན་པོ་ཐེབས་ཀྱི་ཡོད་པས་གྲངས་འབོར་ངེས་གཏན་ཞིག་ཤེས་ཐུབ་རྒྱུ་ཁག་པོི་ཡིན་མོད། འོན་ཀྱང་ཞིན་ཅང་ལ་བཙུགས་པའི་བསྐྱར་དུ་སློབ་གསོ་གཏོང་ཡུལ་ཟེར་པའི་བཀག་ཉར་ཁང་དེ་དག་གི་ནང་དུ་སྔ་ཕྱི་གཉིས་སུ་བཀག་ཉར་བྱས་པའི་མིའི་གྲངས་འབོར་ནི་ཁྲི་ཚོ་༨༠་ཙམ་ཟིན་པའི་གྲངས་ཐོ་ཞིག་སྔོན་ནས་ཤེས་རྟོགས་ཡོད། བཀག་ཉར་ཁང་དེ་དག་ནི་ནག་ཁུང་དང་ཡར་འཛུལ་ན་ཕྱིར་འཐོན་ཐབས་མེད་པ་སོགས་གནས་སྟངས་ཧ་ཅང་ཞན་པོ་ཡོད་པའི་འགྲེལ་བརྗོད་བྱེད་མཁན་འབྱུང་གི་འདུག་ཅེས་བཤད་ཡོད་པ་རེད། རྒྱ་ནག་གཞུང་གིས་༢༠༡༦་ལོར་ལྟ་བ་མཁྲེགས་འཛིན་ཅན་གྱི་ཁྲན་ཆོན་གོ་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནས་ཞིན་ཅང་གི་འགོ་ཁྲིད་ལ་བསྐོ་བཞག་བྱས་པའི་རྗེས་སུ་ཞིན་ཅང་གི་བདེ་འཇགས་ཆེད་དུ་ཡིན་ཞེས་དྲིལ་བསྒྲགས་བྱས་ནས་དམ་དྲག་ཧ་ཅང་གི་ཆེ་རུ་བཏང་བ་མ་ཟད། ན་ནིང་ལོ་མཇུག་ཏུ་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པ་གཉིས་ཉིན་གྲངས་༡༢་ཀྱི་རིང་དུ་ཞིན་ཅང་ལ་བསྐྱོད་པའི་སྐབས་སུ་གང་ས་གང་དུ་དེང་དུས་ཀྱི་འཕྲུལ་ཆས་བཙུགས་ནས་ཡུ་གུར་པའི་ཉིན་རེའི་འཚོ་བའི་འགུལ་སྐྱོད་ཡོངས་རྫོགས་ལ་རྟག་དཔྱད་བྱེད་ཀྱི་ཡོད་པ་དང་། གྲོང་ཁྱེར་ཁ་ཤི་སྒར་གྱི་ཕྱི་ཕྱོགས་སུ་ཡོད་པའི་བསྐྱར་དུ་སློབ་གསོ་བྱ་ཡུལ་ཟེར་པའི་བཀག་ཉར་ཁང་ཞིག་མཐོང་ཡོད་པ་དེའི་རྩིག་པ་མཐོན་པོ་དང་མཐའ་འཁོར་དུ་རྫི་མ་ར་མགོའི་ལྕགས་སྐུད་འཐེན་ནས་མཐའ་བསྐོར་ཡོད་ཅིང་། བཀག་ཉར་ཁང་དེ་ནས་བྲོས་བྱོལ་ཐུབ་པའི་མི་ཞིག་གིས་བཀག་ཉར་ཁང་དེ་དག་དོན་དངོས་སུ་མི་རྣམས་སྡེབ་བཙོན་འཇུག་སའི་བཙོན་ཁང་ཆེན་པོ་ཞིག་རེད་ཅེས་འགྲེལ་བཤད་བརྒྱབ་པའི་གནས་ཚུལ་སྤེལ་ཡོད་པ་རེད།།

XS
SM
MD
LG