ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིན་ཅང་གི་གནས་སྟངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཉེ་ཆར་ཧྥ་རན་སིར་འགྲེམ་སྤེལ་བྱེད་བཞིན་པའི་འཛམ་གླིང་ཚགས་པར་ཅེས་པ་དེའི་པེ་ཅིང་གི་གསར་འགོད་པ་བྷི་རི་སི་ཕེ་ཌི་རོ་ལེ་ཊིས་ཞིན་ཅང་གི་ཡུ་གུར་མི་རིགས་ལ་འཕྲད་བཞིན་པའི་དཀའ་ངལ་དེར་བཙོན་ར་ཆེན་མོ་ཞེས་པའི་རྩོམ་ཡིག་ཅིག་བྲིས་འདུག་པ་དང་། རྩོམ་ཡིག་དེར་ཞིན་ཅང་ལ་ཡུ་གུར་མི་རིགས་བྱེ་བ་གཅིག་འཚོ་གནས་བྱས་ཡོད་ཅིང་། སྤྱི་ལོ་༢༠༡༣་དང་༢༠༡༤་བར་སྟེ། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་གསར་དུ་སྲིད་འཛིན་གྱི་གོ་གནས་བཟུང་བའི་མགོ་སྟོད་ལོ་གཉིས་ཀྱི་ནང་དུ་ཞིན་ཅང་ལ་འབར་རྫས་འགས་གཏོར་གྱི་དོན་རྐྱེན་ཁ་ཤས་བྱུང་ཡོད། དེའི་རྗེས་སུ་རྒྱ་ནག་གཞུང་གིས་ཞིན་ཅང་ལ་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་བཏང་བ་རེད་ཅེས་བཀོད་འདུག དུས་རྒྱུན་ལམ་ཐག་སྤྱི་ལེ་༡༤༧༥་ཡོད་པའི་ཞིན་ཅང་གི་ཨུ་རུ་མུ་ཆི་དང་ཁ་ཤི་སྒར་གྲོང་ཁྱེར་བར་གྱི་མེ་འཁོར་ལྕགས་ལམ་འགྲམ་དུ་ཡོད་པའི་གཞུང་ལམ་སྟེང་དུ་སྐབས་རེར་དམག་༣༠་སོ་གྲངས་རེ་ཡོད་པའི་དམག་མིའི་རླངས་འཁོར་འགྲོ་བཞིན་པ་དང་སྐབས་རེར་སྒྱོགས་མདེལ་སྐྱེལ་འདྲེན་བྱེད་བཞིན་པའི་དོ་སྐྱེལ་རླངས་འཁོར་རྣམས་མཐོང་རྒྱུ་ཡོད་ཅིང་། ཨུ་རུ་མུ་ཆིའི་མེ་འཁོར་འབབ་ཚུགས་སུ་མེ་སྒྱོགས་འཁོར་ལོ་ཆེན་པོ་ཞིག་གི་སྟེང་དུ་མེ་མདའ་འཁུར་བའི་དམག་མི་ཞིག་ལངས་ནས་ལྟ་རྟོག་བྱེད་ཀྱི་ཡོད་ལ། ཁུའུ་ཁྲྰི་ཡི་རླངས་འཁོར་འབབ་ཚུགས་ཀྱི་འཛུལ་སྒོའི་ནང་དུའང་དྲག་ཆས་སྤྲས་པའི་དམག་མི་ཁ་ཤས་ཀྱིས་སྲུང་འདུག་པ་མ་ཟད། རླངས་འཁོར་དུ་འདུག་མཁན་མི་རེ་རེར་ཞིབ་བཤེར་ཐེངས་གསུམ་རེར་བྱེད་བཞིན་པ་དང་རླངས་འཁོར་ནང་ནས་ཕྱི་ལ་ཐོན་མཁན་དག་ལ་ཡང་ཐོན་སྒོའི་ནང་དུ་ཞིབ་བཤེར་བྱེད་ཀྱི་ཡོད་པ་རེད། ཞིན་ཅང་གི་རླངས་འཁོར་དང་མེ་འཁོར་འབབ་ཚུགས་གང་སར་ཡུ་གུར་པ་མང་པོ་མཐོང་རྒྱུ་མེད་པར་ཕྱིའི་ས་ཐག་རིང་པོ་ནས་ཡོང་བའི་རྒྱ་མིས་ཁེངས་ཏེ་རྒྱ་མི་དེ་དག་གི་མང་ཆེ་བ་ལས་ཀ་འཚོལ་དུ་ཞིན་ཅང་ལ་ཡོང་བ་ཡིན་པའི་སྐོར་ཀྱང་བྲིས་འདུག གཞན་ཡང་རྩོམ་ཡིག་དེར་ཞིན་ཅང་གི་ཁུའུ་ཨར་ལི་ཞེས་པའི་གྲོང་ཁྱེར་དེ་ལ་རྒྱ་ནག་གིས་དཔལ་ཡོན་ལྡན་པའི་གྲོང་ཁྱེར་ཞེས་མིང་བཏགས་འདུག སྲིད་གཞུང་གི་ཁ་ལ་ཉན་པའི་གྲོང་ཁྱེར་དེའི་ཡུ་གུར་པའི་ཁྱིམ་ཚང་ཁག་ཅིག་གི་སྒོ་ལ་དཔལ་ཡོན་ལྡན་པའི་ཁྱིམ་ཚང་ཞེས་སྒོ་བྱང་བཀལ་མོད། ཡིན་ནའང་རྒྱ་མི་རྣམས་ཀྱིས་རྟག་ཏུ་ཡུ་གུར་གྲངས་ཉུང་མི་རིགས་ལ་མཐོང་ཆུང་བྱེད་བཞིན་པ་དང་ཉེན་རྟོག་པ་སོགས་ཀྱིས་ཡུ་གུར་པ་ཚོར་དམིགས་སུ་བཀར་ནས་ཞིབ་བཤེར་བྱེད་ཀྱི་ཡོད་ཀྱང་རྒྱ་མི་རྣམས་ཀྱིས་དེ་ལ་དམིགས་བསལ་གྱིས་དོ་སྣང་བྱེད་ཀྱི་མེད་པ་རྒྱུན་ལྡན་ཞིག་ཡིན་པ་དང་ ཁོ་ཚོས་ཡུ་གུར་པ་ཚོར་ཞིབ་བཤེར་བྱ་དགོས་ཤག་གི་འདུ་ཤེས་འཛིན་བྱེད་པ་རེད། ༢༠༡༧་ལོའི་ཕྱི་ཟླ་༢་པའི་གཞུག་ནས་རྒྱ་ནག་གཞུང་གིས་ཡུ་གུར་པ་ཚོར་བཀྲམ་པའི་ཕྱི་སྐྱོད་ལག་འཁྱེར་རྣམས་ཕྱིར་བསྡུ་བྱས་ཡོད་པ་དང་། ལམ་ཁ་སོགས་སུ་ཞིབ་བཤེར་བྱེད་མཁན་གང་ས་གང་དུ་བཀྲམ་ཡོད་པ་དེ་དག་གིས་རྒྱ་མི་ཚོར་ཅུང་ལྷོད་ཡངས་དང་ཡུ་གུར་པ་ཚོ་ངོ་ཐག་གཅོད་པའི་འཕྲུལ་ཆས་ཀྱིས་ཡང་ནས་ཡང་དུ་ཞིབ་བཤེར་བྱས་ཏེ། ཁོ་ཚོའི་ལུས་ཕུང་ལ་བརྟག་དཔྱད་བྱེད་ཀྱི་ཡོད་ཅེས་ལན་ཁག་ཁ་གཡར་ནས་མི་རྣམས་ཀྱི་མཛུབ་རྗེས་དང་ཁྲག་བཅས་ལུས་པོའི་རྒྱུ་ཆ་མང་པོ་ཞིག་གཞུང་གིས་ཉར་ཡོད་པ་རེད། ཕྱི་ལོགས་ཀྱི་ཡུ་གུར་པ་ཚོས་གསར་འགོད་པར་བརྗོད་པར་གཞིགས་ན་ནང་ལོགས་ཀྱི་ཡུ་གུར་པའི་སྐད་འཕྲིན་གྱི་ནང་དུ་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་གྲོགས་པོ་སོགས་ཀྱི་སྐད་འཕྲིན་ཉར་འཛིན་མི་ཆོག་པ་མ་ཟད། ཁ་པར་མཉེན་ཆས་ཀྱི་རིགས་ཀྱང་རྒྱ་ནག་གིས་བཟོས་པ་རྣམས་མ་གཏོགས་མཉེན་ཆས་གཞན་པ་གཅིག་ཀྱང་ཕབ་ལེན་བྱེད་ཆོག་གི་མི་འདུག་ཅེས་བརྗོད་ཡོད རྒྱ་ནག་གཞུང་གིས་དྲག་གནོན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་པ་དང་བསྟུན་ནས་རྒྱ་མི་རིགས་དང་ཡུ་གུར་མི་རིགས་གཉིས་ལ་ཞེ་འཁོན་དང་ཕན་ཚུན་སྡང་ཟུག་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། ཞིན་ཅང་ལ་ཉམས་ཞིབ་བྱེད་མཁན་གྱི་རྒྱ་ནག་གི་རྩོམ་པ་པོ་ཝང་ལི་ཞུང་གིས་རྒྱ་ནག་གཞུང་གིས་ཞིན་ཅང་གི་དཀའ་ངལ་སེལ་རྒྱུའི་ཐབས་ཤེས་གཅིག་ནི་སོག་ཡུལ་ལྟར་རྒྱ་མི་ས་ཡ་མང་པོ་ཞིན་ཅང་དུ་གནས་སྤོར་བྱེད་དུ་འཇུག་གི་ཡོད་པ་དང་། ད་ལྟ་སོག་ཡུལ་དུ་རྒྱ་མི་བྱེ་བ་གཉིས་དང་ས་ཡ་བཞི་ཡོད་པ་དང་སོག་པོ་ས་ཡ་བཞི་ལྷག་མ་གཏོགས་མེད། ད་ལྟ་ཞིན་ཅང་གི་མི་འབོར་བརྒྱ་ཆ་༤༠་ནས༤༥་ཙམ་རྒྱ་མི་རིགས་ཀྱིས་ཟིན་ཡོད་ཅེས་བཀོད་འདུག

XS
SM
MD
LG