ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་ལས་འགུལ་བར་ཁྲིམས་གཅོད།
please wait

No media source currently available

0:00 0:03:07 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་སྔོན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཧོང་ཀྲི་ཧྥིན་དང་ལོ་ཀོན་ཙུང་། ཀྲིག་ཡོང་ཁང་བཅས་ན་གཞོན་གསུམ་ལ་སྤྱི་ལོ་༢༠༡༤་ལོའི་ཧོང་ཀོང་གི་ཉི་གདུགས་ལས་འགུལ་གྱི་སྣེ་ཁྲིད་པ་ཡིན་པའི་ནག་ཉེས་བཙུགས་ནས་ཁྲིམས་ཐག་བཅད་ཡོད་ཅིང་། སྐབས་དེར་ལོ་ན་ཉི་ཤུ་༢༡་ལ་སོན་པའི་ཧོང་ཀྲི་ཧྥིན་ལ་དུས་ཡུན་ཟླ་བ་༦་དང་ལོ་༢༤་ལ་སོན་པའི་ལོ་ཀོན་ཙུང་ལ་ཟླ་བ་བརྒྱད། ལོ་ཉི་ཤུ་༢༧་ལ་སོན་པའི་ཀྲིག་ཡོང་ཁང་ལ་ཟླ་བ་༧་བཅས་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། གཟའ་འཁོར་འདིའི་གཟའ་ལྷག་པའི་ཉིན་ཧོང་ཀོང་གི་ན་གཞོན་དེ་དག་གིས་བསྐྱར་དུ་ཁྲིམས་ཁང་གོང་མར་ཞུ་གཏུག་བྱས་ཀྱང་ཟླ་འདིའི་ཚེས་༡༧་ཉིན་ཧོང་ཀོང་གི་མཐོ་རིམ་ཁྲིམས་ཁང་གིས་སླར་ཡང་ཁྲིམས་ཆད་ཀྱི་བཅད་ཁྲ་བསྒྲགས་བྱས་ནས་ཧོང་ཀོང་གི་ཉི་གདུགས་གསར་བརྗེའི་ངོ་རྒོལ་ལས་འགུལ་དུ་ཞུགས་པའི་མི་༡༦་ལ་ཁྲིམས་ཐག་བཅད་ཡོད་པའི་ཁོངས་སུ་ཧོང་ཀོང་གི་སློབ་མའི་ལས་འགུལ་གྱི་སྣེ་ཁྲིད་མཁན་ཧོང་ཀྲི་ཧྥིན་ལ་དུས་ཡུན་ཟླ་བ་༣་དང་། མི་དམངས་ཚོགས་པའི་འགན་འཛིན་གཞོན་པ་ཧོང་ཧོ་མིན་ལ་ཟླ་བ་གསུམ། སློབ་མའི་མཐུན་ཚོགས་ཀྱི་དྲུང་ཆེ་ཟུར་པ་སོགས་མི་གཞན་རྣམས་ལ་དུས་ཡུན་ཟླ་བ་༡་ནས་ཟླ་བ་༣་བར་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག སྤྱི་ལོ་༢༠༡༤་ལོའི་ཟླ་བ་༩་པའི་ཚེས་༡༢་ཉིན་ནས་ལངས་པའི་ཧོང་ཀོང་གི་ཉི་གདུགས་ལས་འགུལ་ནི་ཧོང་ཀོང་ལ་མི་རེའི་ངོས་ནས་འོས་ཤོག་འཕེན་པའི་དམངས་གཙོའི་འོས་འདེམས་ལམ་ལུགས་ལག་ལེན་བསྟར་དགོས་ཞེས་རེ་བཏོན་པའི་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་ཡིན་ཞིང་། ལས་འགུལ་དེར་ཧོང་ཀོང་བ་འབུམ་༡་ལྷག་མཉམ་ཞུགས་བྱས་པས་ཡོངས་གྲགས་སུ་ཧོང་ཀོང་གི་ཉི་གདུགས་ལས་འགུལ་ཞེས་གྲགས། སྐབས་དེར་ཧོང་ཀོང་གི་ཐུང་ལོ་བན་སོགས་ལམ་ཆེན་ཁག་ཏུ་ཉིན་༧༩་རིང་ལ་ངོ་རྒོལ་ལས་འགུལ་རྒྱུན་འཁྱོངས་བྱས་ནས་ཧོང་ཀོང་གི་འོས་བསྡུ་ལྷན་ཚོགས་གྱི་ངོ་བོར་བཅོས་སྒྱུར་གཏོང་དགོས། ཧོང་ཀོང་མི་མང་ལ་མི་གཅིག་ལ་འོས་ཤོག་གཅིག་འཕེན་ཆོག་པའི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། ངོ་རྒོལ་ལས་འགུལ་དེ་སྤེལ་བའི་རྗེས་སུ་ཧོང་ཀོང་གི་ལས་འགུལ་བ་སྐོར་ཞིག་འཛིན་བཟུང་བཀག་ཉར་བྱས་པ་དང་། ལྷག་པར་དུ་རྒྱ་ནག་སྐམ་ས་ཆེན་མོ་དང་མཐུན་ཕྱོགས་ཡིན་པའི་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་སྤྱི་ཁྱབ་གསར་པ་བདམས་ཐོན་བྱུང་བའི་རྗེས་སུ་མུ་མཐུད་དུ་ཧོང་ཀོང་བ་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་མ་ཟད། བདུན་ཕྲག་རྗེས་མའི་གཟའ་ཟླ་བའི་ཉིན་ཧོང་ཀོང་གི་རང་བཙན་དོན་གཉེར་པའི་སྲིད་དོན་མི་སྣ་ལིང་ཐན་ཆི་ལའང་ནག་ཉེས་སྣ་ཚོགས་བཙུགས་ནས་ཁྲིམས་བཤེར་བྱ་འཆར་པ་རེད། ཧོང་ཀོང་དམིགས་བསལ་ས་ཁུལ་དེ་ཉིད་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་དབྱིན་ཇིའི་ལག་ནས་རྒྱ་ནག་གིས་རྩིས་ལེན་བྱས་ཏེ་ལོ་འཁོར་ཉི་ཤུ་འཁོར་པའི་སྐབས་འདིར་རྒྱ་ནག་གཞུང་ཁ་དན་ཚིག་ལ་མ་གནས་པར་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་ཆེན་པོ་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་ཧོང་ཀོང་བ་མང་པོ་ཞིག་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་པོ་སྟོན་གྱི་ཡོད་ཅིང་། ཉེ་ཆར་ཧོང་ཀོང་གི་ན་གཞོན་མང་པོ་ཞིག་ལ་རང་ཉིད་རྒྱ་ནག་པ་ཡིན་ཟེར་རྒྱུའི་འདོད་པ་མེད་པའི་སྐོར་ལ་ཞིབ་འཇུག་བྱས་ནས་སྙན་ཐོ་ཞིག་ཐོན་ཡོད། ཧོང་ཀོང་སློབ་གྲྭ་ཆེན་མོས་བཏོན་པའི་ཞིབ་འཇུག་སྙན་ཐོ་དེར་ལོ་ན་༡༨་ནས་ལོ་༢༩་བར་གྱི་ན་གཞོན་བརྒྱ་དང་ཉི་ཤུ་ལ་ཞིབ་འཇུག་བྱས་པའི་གནས་ཚུལ་བཀོད་ཡོད་པ་དེའི་གྲས་ཀྱི་བརྒྱ་ཆ་གསུམ་དང་གྲངས་ཆུང་༡་གིས་མ་གཏོགས་རང་ཉིད་རྒྱ་ནག་པ་ཡིན་ཞེས་ངོས་འཛིན་བྱེད་མེད་པ་རེད། ལོ་ངོ་ཉི་ཤུའི་གོང་དེར་དབྱིན་གཞུང་གིས་ཧོང་ཀོང་གི་བདག་དབང་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་ལོ་དེར་སྐྱེས་པའི་སློབ་མ་ཀྲིན་ཁི་ཨད་ཟེར་བ་ཞིག་གིས་དམིགས་བསལ་གྱིས་ངས་རང་ཉིད་རྒྱ་ནག་པ་ཡིན་ཞེས་བརྗོད་འདོད་མེད་ཟེར་པ་དང་། ཁྱོད་ཀྱིས་ང་ལ་ཐེངས་བརྒྱ་ཐམ་པར་རྒྱ་ནག་པ་ཡིན་ནམ་ཞེས་དྲིས་ཀྱང་ངས་ཐེངས་བརྒྱ་ཐམ་པར་ང་རྒྱ་ནག་པ་མིན་ཞེས་ལན་འདེབས་བྱ་ངེས་ཡིན་ཞེས་བརྗོད་མྱོང་ཡོད་ལ། ཞིབ་འཇུག་འདི་ལོ་ངོ་ཉི་ཤུའི་སྔོན་ནས་འགོ་བཙུགས་ནས་ཧོང་ཀོང་བ་ཚོས་རང་ཉིད་རྒྱ་ནག་པ་ཡིན་མིན་དང་རྒྱ་ནག་གི་མི་ཁོངས་ཡིན་མིན་ལ་ངོས་འཛིན་བྱེད་སྟངས་ཅི་འདྲ་ཡོད་མེད་ཐད་དུ་ལོ་ལྟར་ཞིབ་འཇུག་ཐེངས་གཉིས་རེ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG