ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྱང་ཀོ་ར་ཡ་དགུན་དུས་ཀྱི་ཨོ་ལོན་པིག་ལ་ཞུགས་རྒྱུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ལྷོ་བྱང་ཀོ་རི་ཡ་གཉིས་ལ་འབྲེལ་བ་ཆད་ནས་ལོ་གཉིས་ལྷག་ཕྱིན་པའི་རྗེས་སུ་དེ་རིང་༢༠༡༨་ལོའི་ཕྱི་ཟླ་དང་པོའི་ཚེས་༩་སྟེ། གཟའ་མིག་དམར་ཉིན་ཕྱོགས་གཉིས་ཀྱི་ས་མཚམས་སུ་ཆགས་པའི་ཞི་བདེའི་གྲོང་ཚོ་ཞེས་འབོད་སྲོལ་ཡོད་པ་དེར་ལྷོ་བྱང་གཉིས་ཀྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་གི་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་བྱུང་ཡོད་ཅིང་། ད་ཐེངས་ཀྱི་ཐུག་འཕྲད་རྗེས་སུ་ལྷོ་ཀོ་རི་ཀའི་གཞུང་འབྲེལ་མི་སྣས་འགྲེལ་བརྗོད་བྱས་པར་གཞིགས་ན་ཟླ་བ་རྗེས་མར་ལྷོ་ཀོ་རི་ཡར་འཚོགས་རྒྱུའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལོན་པིག་རྩེད་འགྲན་ལ་བྱང་ཀོ་རི་ཡའི་མཐོ་རིམ་འགོ་ཁྲིད་ཅིག་དང་རྩེད་འགྲན་པ། དེ་བཞིན་རྩེད་འགྲན་པའི་ལས་རོགས་སོགས་སྐུ་ཚབ་ཚོགས་པ་ཞིག་མངག་གཏོང་བྱ་རྒྱུའི་མོས་མཐུན་བྱུང་ཡོད་ཅེས་བརྗོད་ཡོད་པ་རེད། ལྷོ་ཀོ་རི་ཡའི་གྲོས་མོལ་འགོ་གཙོ་ནི་ལྷོ་བྱང་ཀོ་རི་ཡ་གཅིག་གྱུར་ལྷན་ཁང་གི་བློན་ཆེན་གཞོན་པ་ཡིན་པ་དང་། ཁོང་གིས་གསར་འགོད་པ་ཚོར་བྱང་ཀོ་རི་ཡས་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལོན་པིག་རྩེད་འགྲན་ལ་སྐུ་ཚབ་ཚོགས་པ་ཞིག་གཏོང་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། ལྷོ་ཀོ་རི་ཡའི་ཕྱོགས་ནས་དགུན་དུས་ཀྱི་ཨོ་ལོན་པིག་རྩེད་འགྲན་འགོ་འཛུགས་ཀྱི་མཛད་སྒོའི་སྐབས་སུ་སྔོན་ཆད་༢༠༠༦་གི་དགུན་དུས་ཀྱི་ཨོ་ལོན་པིག་རྩེད་འགྲན་དང་འདྲ་བར་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་རྩེད་འགྲན་པ་རྣམས་རུ་ཁག་གཅིག་ལ་མཉམ་དུ་རུ་སྒྲིག་བྱ་དགོས་པའི་གྲོས་གཞི་བཏོན་ཡོད་པ་མ་ཟད། རྕེད་འགྲན་གྱི་སྐབས་སུ་ལོ་གསར་ཡང་ཁེལ་གྱི་ཡོད་པའི་སྟབས་ཀྱིས་ལོ་གསར་གྱི་རྟེན་འབྲེལ་ཆེད་དུ་ཕྱོགས་གཉིས་ཀྱི་བཟའ་མི་ཁ་འཐོར་ཕྱིན་ཡོད་པ་རྣམས་ཐུག་འཕྲད་བྱེད་པའི་གོ་སྐབས་ཤིག་ཀྱང་གོ་སྒྲིག་ཞུ་རྒྱུ་དང་། ཕྱོགས་གཉིས་ཀྱི་དམག་དོན་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་འཆར་བཅས་ལའང་གྲོས་མོལ་སླར་གསོ་བྱ་དགོས་པའི་གྲོས་གཞི་བཏོན་པ་ཡིན་ཞེས་གསུངས་ཡོད། འོན་ཀྱང་ལྷོ་ཀོ་རི་ཡའི་གྲོས་གཞི་དེ་ཚོར་བྱང་ཀོ་རི་ཡས་འཕྲལ་དུ་ལན་འདེབས་བྱས་མེད་ཀྱང་བྱང་ཀོ་རི་ཡའི་གྲོས་མོལ་འགོ་ཁྲིད་ཀྱིས་ཐེངས་འདིར་ཡུལ་གྲུ་གཉིས་ཀྱིས་གྲོས་མོལ་བྱེད་ཐུབ་པ་ནི་ལོ་གསར་གྱི་འཚམས་རྟགས་ཡག་པོ་ཞིག་ཡིན་པ་དང་། བྱང་ཀོ་རི་ཡའི་ངོས་ནས་གྲོས་མོལ་འདིར་ལྷག་བསམ་རྣམ་དག་དང་ལངས་ཕྱོགས་བརྟན་པོ་ཞིག་འཛིན་གྱི་ཡོད་ཅེས་བརྗོད་ཡོད་པ་རེད།།

XS
SM
MD
LG