ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

ཨ་ལ་བྷ་མའི་འོས་འདེམས་གྲུབ་འབྲས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།།ཨ་རིའི་ལྷོ་ཕྱོགས་ཀྱི་ཨ་ལ་བྷ་མ་མངའ་སྡེར་དམིགས་བསལ་གྱི་འོས་འདེམས་བྱས་ནས་དམངས་གཙོ་ཚོགས་པའི་འོས་མི་ཇོན་སི་ལ་འོས་ཤོག་བརྒྱ་ཆ་༤༩་དང་ཚེག་༩་ཐོབ་ནས་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་དང་། ཁོང་གི་ཁ་གཏད་པ་སྤྱི་མཐུན་ཚོགས་པའི་འོས་མི་རོ་ཡེ་མུར་ལ་འོས་ཤོག་བརྒྱ་ཆ་༤༨་དང་གྲངས་ཆུང་༤་ལས་ཐོབ་མེད། ༢༠༡༨་ལོའི་ཕྱི་ཟླ་དང་པོའི་ནང་དུ་ཇོན་སི་ཨ་རིའི་གྲོས་ཚོགས་གོང་མར་ཕེབས་ནས་ལས་ཁུར་དམ་བཅའ་འཇོག་དགོས་ཤིང་། ད་ལྟ་ཨ་རིའི་གྲོས་ཚོགས་གོང་མར་སྤྱི་མཐུན་ཚོགས་པར་གྲོས་ཚོགས་འཐུས་མི་༥༡་དང་དམངས་གཙོ་ཚོགས་པར་འཐུས་མི་༤༩་ལས་མེད། སྲིད་འཛིན་ཌོ་ནལ་ཊོམ་དང་སྤྱི་མཐུན་ཚོགས་པའི་གནད་ཡོད་མི་སྣ་ཚོས་རོ་ཡེ་མུར་ལ་རྒྱབ་སྐྱོར་གྱི་འོས་ཤོག་འཕེན་དགོས་ཞེས་མང་ཚོགས་ལ་སྐུལ་སློང་བྱས་ཡོད། ཁ་སང་ཕྱི་ཟླ་༡༢་ཚེས་༡༢་ཉིན་ཨ་ལ་བྷ་མ་མངའ་སྡེར་བྱས་པའི་འོས་འདེམས་ཀྱི་གྲུབ་འབྲས་ལ་བལྟས་ན་ཨ་མི་རི་ཀའི་མི་དམངས་རྣམས་སྲིད་འཛིན་ཌོ་ནལ་ཊོམ་དང་སྤྱི་མཐུན་ཚོགས་པའི་སྲིད་ཇུས་འཛིན་སྟངས་ལ་འདོད་པ་ཁེངས་ཀྱི་མེད་པའི་རྣམ་འགྱུར་གསལ་བོ་ཐོན་ཡོད། ༢༠༡༨་ལོར་ཨ་མི་རི་ཀར་གྲོས་ཚོགས་གོང་འོག་གི་འཐུས་མིའི་འོས་བསྡུ་བར་མ་བྱ་དགོས་པས་སྤྱི་མཐུན་ཚོགས་པར་ཕམ་ཉེས་འབྱུང་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འོས་མི་རོ་ཡེ་མུར་གྲངས་ཉུང་མི་རིགས་ལ་སྡང་ཟུག་བྱེད་མཁན་དང་མི་རིགས་དཀར་པོ་མཆོག་ཏུ་འཛིན་མཁན། ཁོ་པས་ལོ་བཞི་བཅུའི་སྔོན་ལ་རང་ཉིད་ལོ་སུམ་ཅུ་སོ་གྲངས་ཡིན་པའི་དུས་སུ་བུ་མོ་ལོ་ཆུང་ཚོར་ཆགས་སྲེད་ཀྱི་སུན་གཙེར་བྱས་པའི་སྐྱོན་འཛུགས་མང་དག་ཅིག་ཕོག་རུང་། སྲིད་འཛིན་ཌོ་ནལ་ཊོམ་གྱིས་དམངས་གཙོ་ཚོགས་པའི་འོས་མི་ཇོན་སི་ཉེས་ཁྲིམས་ལ་ནན་པོ་མེད་པ་དང་ཕྱི་མི་ཡུལ་སྤོར་པ་ཚོར་བཟོད་བསྲན་ཆེ་བ། ཁོ་པ་མི་མང་ལ་མེ་མདའ་ཉར་འཛིན་བྱེད་ཆོག་པའི་ཐོབ་ཐང་ཡོད་པར་དགའ་མོས་མེད་པའི་མི་ཞིག་ཡིན། ཇོན་སི་ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་འགོ་ཁྲིད་ཆཀ་ཤུ་མར་དང་ནན་སི་ཕེ་ལི་གཉིས་ཀྱི་ཨབ་ཕྲུག་ལ་འགྱུར་ངེས་ཡིན། དེར་བརྟེན་ཨ་ལ་བྷ་མའི་མི་དམངས་ཀྱིས་རོ་ཡེ་མུར་ལ་རྒྱབ་སྐྱོར་བྱས་ནས་འོས་ཤོག་འཕེན་དགོས། རོ་ཡེ་མུར་གྲོས་ཚོགས་འཐུས་མིར་བདམས་ན་ངས་ཕྱི་མི་ཡུལ་སྤོར་པ་བཀག་སྡོམ་དང་མེ་མདའ་ཉར་འཛིན་གྱི་ཐོབ་ཐང་སྲུང་སྐྱོབ། ཨ་མི་རི་ཀའི་མི་དམངས་ལ་དཔྱ་ཁྲལ་གཅོག་པའི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་གྱི་ཡོད་པར་རྒྱབ་སྐྱོར་གྱི་འོས་ཤོག་འཕེན་ངེས་རེད་ཅེས་བཤད། འོན་ཀྱང་སྲིད་དོན་ཉམས་ཞིབ་པ་ཚོས་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རོ་ཡེ་མུར་ལ་རྒྱབ་སྐྱོར་བྱས་པ་ནས་ཕན་རྒྱུའི་ཚབ་ཏུ་གནོད་ཡོད། དཔེར་ན་ཉེ་ཆར་ཝྭིར་ཇི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་འོས་འདེམས་སྐབས་སུའང་ཌོ་ནལ་ཊོམ་གྱིས་སྤྱི་མཐུན་ཚོགས་པའི་འོས་མི་དེར་རྒྱབ་སྐྱོར་བྱས་ཀྱང་འོས་ཤོག་ཐོབ་མེད། ཝྭིར་ཇི་ཎི་ཡ་དང་ཨ་ལ་བྷ་མའི་འོས་འདེམས་ཀྱིས་ཨ་རིའི་སྤྱི་དམངས་གྲས་སུ་ཌོ་ནལ་ཊོམ་གྱི་སྲིད་ཇུས་འཛིན་སྟངས་ལ་བློ་ཁ་མ་ཚིམས་པ་དང་། ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀའི་ཆེ་མཐོང་ཉམས་དམས་སུ་གཏོང་གི་ཡོད་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་མཚོན་ཐུབ་ཅེས་བཤད་འདུག མདང་དགོང་གསར་དུ་འདེམས་ཐོན་བྱུང་བའི་ཨ་ལ་བྷ་མ་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇོན་སིས་གསར་འགོད་པ་ཚོར་ང་ལ་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་པ་ཨ་ལ་བྷ་མ་མངའ་སྡེ་གཅིག་པུར་ལམ་ཕྱོགས་གསར་པ་ཞིག་བསྟན་པས་ག་ལ་ཚད། ང་ཚོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་ཨ་རིའི་རྒྱལ་ཡོངས་ལ་གདམ་ཀ་གསར་པ་དང་ལམ་ཕྱོགས་གསར་པ་ཞིག་བསྟན་ཡོད། ཨ་རིའི་གྲོས་ཚོགས་གོང་མར་མི་དམངས་ཀྱི་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་། མི་དམངས་ལ་ལས་ཀ་གསར་པ་གོ་སྒྲིག་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་པ་སོགས་ཀྱི་ལས་དོན་སྣ་མང་ཞིག་བསྒྲུབ་རྒྱུ་ཡོད་ཅེས་བཤད་ཡོད། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མིའི་འོས་མི་རོ་ཡེ་མུར་གྱིས་རང་ལ་འོས་འདེམས་ཀྱི་ཕམ་ཉེས་བྱུང་བར་ངོས་ལེན་བྱས་མེད་པ་དང་། ཁོང་གི་འོས་འདེམས་ལས་འགུལ་གྱི་ལས་སྣེ་ཚོས་འོས་ཤོག་གྲངས་ཀ་བརྒྱབ་མེད་པ་གང་འཚམ་ཞིག་ལུས་ཡོད། གལ་སྲིད་འོས་ཤོག་བརྒྱ་ཆ་གཅིག་ལས་ཉུང་བའི་ཁྱད་པར་ལས་མེད་ན་ཨ་ལ་བྷ་མའི་ཁྲིམས་ལུགས་ལྟར་འོས་ཤོག་ཚང་མར་བསྐྱར་དུ་གྲངས་ཀ་རྒྱག་དགོས་ཞེས་ཨུ་ཚུགས་རྒྱག་གི་ཡོད་པ་རེད། ཨ་ལ་བྷ་མ་མངའ་སྡེའི་འོས་བསྡུ་འགན་འཛིན་གྱིས་རོ་ཡེ་མུར་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་རྒྱུ་ཁག་པོ་ཡིན། དམངས་གཙོ་ཚོགས་པའི་འོས་མི་ཇོན་སི་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ལ་འགྱུར་བ་ཐེབས་མི་སྲིད། ང་ཚོའི་འོས་ཤོག་གྲངས་ཀ་རྒྱག་སྟངས་ལ་ནོར་འཁྲུལ་ཚབས་ཆེན་བྱུང་ཡོད་པ་རྙེད་དཀའ། འབྱུང་འགྱུར་གྱི་བདུན་ཕྲག་འགའ་ཞིག་གི་ནང་དུ་ཇོན་སི་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་གཞུང་འབྲེལ་གྱིས་ངེས་གཏན་བྱ་དགོས་ཐུག་ཡོད་ཅེས་བཤད་པ་དང་། ཨ་ལ་བྷ་མ་མངའ་སྡེའི་མི་འབོར་བརྒྱ་ཆ་༦༠་ལྷག་མི་རིགས་དཀར་པོ་ཡིན་པ་མ་ཟད། ཁོ་ཚོས་རྙིང་ཞེན་མཁྲེགས་འཛིན་གྱི་ལྟ་བ་བཟུང་ནས་སྤྱི་མཐུན་ཚོགས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཨ་ལ་བྷ་མ་མངའ་སྡེའི་མི་འབོར་བརྒྱ་ཆ་༢༠་ལྷག་མི་རིགས་ནག་པོ་དང་མི་འབོར་བརྒྱ་ཆ་༣་ཡས་མས་ཤིག་ལཱ་ཊིན་པ་ཡིན་ཞིང་། ཌོ་ནལ་ཊོམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་ལ་བྷ་མ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱེ་ཧྥུ་སེ་ཤེན་ཨ་རིའི་དབུས་སྤྱི་ཁྱབ་ཁྲིམས་འཛིན་པར་བསྐོ་བཞག་བྱས་ཏེ། ཁོང་གི་ཚབ་ལ་འཐུས་མི་གསར་པ་ཞིག་གདམ་དགོས་པར་ཁ་སང་ཕྱི་ཚེས་༡༢་ཉིན་འོས་འདེམས་བྱས་ཏེ། ཨ་རིའི་དམངས་གཙོ་ཚོགས་པའི་འོས་མི་ཇོན་སི་ལ་རྒྱལ་ཁ་ཐོབ་ཡོད། སྤྱི་མཐུན་ཚོགས་པའི་འོས་མི་རོ་ཡེ་མུར་ལ་མི་རིགས་དབྱེ་འབྱེད་དང་བུ་མོ་ལོ་ཆུང་ཚོར་ཆགས་སྲེད་ཀྱི་སུན་གཙེར་བྱས་པའི་གླེང་ཉོག་ཆེན་པོ་ཡོད་རུང་། རོ་ཡེ་མུར་གྱིས་རང་ལ་སྐྱོན་འཛུགས་ཕོག་པ་དེར་ངོས་ལེན་བྱེད་ཀྱི་མེད་པ་དང་། ལོ་༤༠་ལྷག་གི་སྔོན་ལ་བྱུང་བའི་ཉེས་འཛུགས་དེ་ཚོར་ཁུངས་སྐྱེལ་ཡང་བྱས་ཐུབ་མེད། ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཚོ་དང་གནད་ཡོད་འཐུས་མི་ཁག་གིས་རོ་ཡར་མུར་ལ་ངོ་རྒོལ་བྱས་ཏེ། ཁོ་པར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་གྲོས་ཚོགས་གོང་མར་ལས་ཁུར་དམ་བཅའ་བཞག་པའི་རྗེས་སུ་གྲོས་ཚོགས་ཀྱི་སྒྲིག་གཞི་ལྟར་གནས་དབྱུང་གཏོང་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་ཡོད་པ་དང་། ཨ་ལ་བྷ་མ་མངའ་སྡེའི་འོས་འདེམས་འདི་དམངས་གཙོ་ཚོགས་པར་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་ཆགས་ཡོད། གལ་སྲིད་ཁོ་ཚོར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ན་སྲིད་འཛིན་ཌོ་ནལ་ཊོམ་དང་སྤྱི་མཐུན་ཚོགས་པའི་སྲིད་ཇུས་འཛིན་སྟངས་ལ་ཨ་མི་རི་ཀ་བ་རྣམས་དགའ་མོས་མེད་པར་དམངས་གཙོ་ཚོགས་པའི་འོས་མི་ཞིག་ལ་འོས་ཤོག་འཕངས་པ་རེད་ཅེས་བཤད་ཆོག་པ་དང་། གལ་སྲིད་རོ་ཡེ་མུར་ལ་རྒྱལ་ཁ་ཐོབ་པ་ཡིན་ན་སྤྱི་མཐུན་ཚོགས་པ་ལོག་གཡེམ་པར་རྒྱབ་སྐྱོར་བྱེད་པའི་སྲིད་དོན་ཚོགས་པ་ཞིག་རེད་ཅེས་ལོ་རྗེས་མའི་འོས་འདེམས་སྐབས་སུ་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཆོག་པས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོ་རོ་ཡེ་མུར་ལ་འོས་འདེམས་ཀྱི་རྒྱལ་ཁ་མ་ཐོབ་པར་དགའ་ཡོད་ཅིང་། ཨ་ལ་བྷ་མའི་འོས་འདེམས་འདི་ཆོས་ལུགས་དང་ལྟ་བ། མིའི་ཆེ་མཐོང་ལ་བརྩི་འཇོག་བྱ་དགོས་མིན་དང་མི་མང་གིས་འོས་འདེམས་བྱས་པའི་འཐུས་མི་རྣམས་དྲང་ཚུགས་ལྡན་པ་ཞིག་ཡིན་དགོས་མིན། སྐྱེ་བོ་སུ་ཞིག་ཡིན་རུང་ཁྲིམས་ཀྱི་འོག་ཏུ་འདུ་དགོས་མིན་བཅས་ཀྱི་གནད་དོན་ཞིག་ལ་ཐུག་ཡོད་པ་རེད།།

XS
SM
MD
LG