ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་ཡུལ་སྐོར་པར་བསླུ་བྲིད་བྱ་ཐབས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་རྒྱ་ནག་གི་གཞུང་གཉེར་ཡུལ་སྐོར་སྤྲོ་འཆམ་བཟོ་ཚོང་ལས་ཁང་ཞིག་གིས་ཆེད་དུ་ཕྱི་ལོགས་སུ་ཡོད་པའི་རྒྱ་ནག་གི་སྤུན་ཟླ་ཚོས་དམིགས་བསལ་གྱིས་འགྲོ་སོང་ཆེན་པོ་གཏོང་མི་དགོས་པར་རྒྱ་ནག་ལ་ཡུལ་སྐོར་སྤྲོ་འཆམ་དུ་ཁྲིད་བཞིན་པའི་གྲས་སུ་ཨ་རི་ནས་སྐྱེས་པའི་རྒྱ་མོ་ལུའུ་ཞིན་ཟེར་བ་ཞིག་ཡོད་ཅིང་། ཐེངས་འདིའི་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་ནི་ཁོ་མོ་ནར་སོན་པའི་རྗེས་སུ་རྒྱ་ནག་ལ་ཕྱིན་པ་ཐེངས་དང་པོ་དང་། རང་ལ་ཤ་ཁྲག་གི་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཆ་མེད་ཅིག་ལ་བསྐྱོད་པ་ཞིག་ཡིན་མོད། ཡིན་ནའང་ཁོ་མོར་རྒྱ་ནག་གི་དྲིལ་བསྒྲགས་འདྲ་མིན་དང་མི་ཚོས་དངུལ་དངོས་ལ་བཅངས་པའི་ཧམ་སེམས་ཀྱིས་བག་ཆགས་ངན་པོ་ཞིག་བཞག་འདུག ཁོ་ཚོ་ཡུལ་སྐོར་སྣེ་ཁྲིད་པས་མུ་ཏིག་དང་གཡང་ཊི། ཇ་སོགས་འཚོང་སར་ཁྲིད་ནས་ཉོ་ཚོང་བྱེད་དུ་བཅུག་པ་དང་། ལུའུ་ཞིན་གྱིས་ཨ་རིའི་རླུང་འཕྲིན་ཁང་དུ་བརྗོད་ན་ང་ཚོར་ནན་ཅིན་གྱི་ཡུལ་སྐོར་སྣེ་ཤན་པས་རྒྱ་ནག་ནི་ཁྱོད་ཚོའི་མེས་རྒྱལ་ཡིན། གལ་ཏེ་རྒྱལ་སྤྱིའི་ཐོག་ཏུ་རྒྲ་ནག་གིས་གོ་ས་མཐོན་པོ་བླངས་ན་རྒྱ་ནག་གི་མི་དམངས་དང་། དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་རྒྱ་མི་སྤུན་ཟླ་བཅས་ལ་རང་བཞིན་གྱིས་ཆེ་མཐོང་མཐོ་རུ་འགྲོ་ངེས་རེད། ཁྱེད་ཚོས་ངེས་པར་དུ་རང་གི་མེས་རྒྱལ་ལ་རྒྱབ་སྐྱོབ་བྱ་དགོས། ཁྱོད་ཚོས་དངུལ་ཡོད་ཚད་འདི་རུ་འགྲོ་སོང་བཏང་ན་འགྲིག རྒྱལ་ཁབ་ལ་དགའ་ན་དངུལ་ཡོད་ཚད་བེད་སྤྱོད་ཐོེངས་ཞེས་ཡུལ་སྐོར་སྣེ་ཤན་པ་དང་ཚོང་ཁང་བདག་པོ་ཚོས་སྒེར་གྱི་ཁེ་ཕན་ཆེད་དུ་འབྲེལ་བ་དམ་ཟབ་བཙུགས་ཏེ། ཡུལ་སྐོར་སྤྲོ་འཆམ་པ་ཚོར་འགྲོ་གྲོན་གཏོང་དུ་འཇུག་བཞིན་པ་མ་ཟད། ཡུལ་སྐོར་པ་ཚོར་ཁྱེད་རྣམས་རང་གི་རྒྱལ་ཁབ་སོ་སོར་ཕྱིར་ལོག་བྱས་ནས་ཁྱབ་བསྒྲགས་བྱ་ཐུབ་པའི་རེ་བ་ཡོད། ཁྱེད་ཚོ་ཕྱི་རྒྱལ་གྱི་མི་ཚོར་རྒྱ་ནག་ཧ་ཅང་ཡག་པོ་འདུག་ཅེས་བཤད་དགོས་པའི སྐུལ་སློང་བྱས་འདུག ཨ་རིའི་ཉམས་ཞིབ་པ་ཚོས་བྱེད་སྟངས་འདི་ནི་རྒྱ་ནག་དམར་ཕྱོགས་ཚོགས་པས་རྒྱ་ནག་ལ་དབང་སྒྱུར་བྱེད་འགོ་ཚུགས་པ་ནས་བཟུང་སྟེ་ཧ་ཅང་གི་གཙིགས་ཆེན་དུ་འཛིན་པའི་ཕྱི་འབྲེལ་གྱི་ལས་དོན་ཞིག་ཡིན་པར་ངོས་འཛིན་བཞིན་འདུག ཡིན་ནའང་ཡུལ་སྐོར་པ་ལུའུ་ཞུན་ལྟ་བུར་མཚོན་ན་རང་གིས་འབྲེལ་བ་བྱ་སའི་ཡུལ་སྐོར་བཟོ་ཚོང་ཁང་འདི་ནི་ཚོང་ལས་རྐྱང་པའི་སྡེ་ཚན་ཞིག་མིན་པར་རྒྱ་ནག་གཞུང་གི་ཁོངས་སུ་གཏོགས་པའི་ཕྱི་རྒྱལ་གྱི་གཞུང་འབྲེལ་ལས་དོན་གཉེར་མཁན་གྱི་སྡེ་ཚན་ཞིག་ཡིན་པ་གཏན་ནས་ཤེས་རྟོགས་ཐུབ་མེད་པ་རེད། ཁོ་མོ་ཕྱིར་སླེབས་ནས་སོ་སོའི་མྱོང་ཚོར་བརྗོད་པ་ལྟར་ན་ང་ཚོར་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད་པར་ཡིད་ཆེས་ཡོང་བའི་རེ་བ་བྱེད་བཞིན་འདུག་རུང་ངའི་བསམ་ཡུལ་ལས་འདས་པའི་ཡར་རྒྱས་ཅི་ཡང་ཕྱིན་མི་འདུག་ཅེས་གསར་འགོད་པར་བརྗོད་ཡོད། རྒྱ་ནག་ལ་མཚོན་ན་ཕྱི་ལོགས་སུ་རྒྱ་ནག་གི་བཟང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱ་རྒྱུའི་ལས་དོན་མང་པོ་ཞིག་སྒྲུབ་བཞིན་ཡོད་པ་སྟེ། སྤྱི་ལོ༢༠༡༦་ལོར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཕེ་རུའི་གྲོས་ཚོགས་སུ་རྒྱ་ནག་གིས་༢༠༡༩་བར་དུ་ལཱ་ཊིན་ཨ་མི་རི་ཀའི་མི་དམངས་ཁྲི་གཅིག་ལ་ཟབ་སྦྱོང་འདྲ་མིན་ཞིག་སྤྲོད་སའི་སྒྲིག་འཛུགས་བཙུགས་ནས་གོ་སྐབས་སྤྲོད་རྒྱུ་ཡིན་ཞེས་གཏམ་བཤད་བྱས་ཡོད། ད་དུང་གླིང་ཆེན་ཨེ་ཤེ་ཡ་དང་ཨ་ཧྥི་རི་ཀའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་གྱི་ནང་དུའང་མི་འབུམ་གཅིག་ལ་ཟབ་སྦྱོང་འདྲ་མིན་སྤྲོད་རྒྱུ་ཡིན་ཞེས་གཏམ་བཤད་འདྲ་མཚུངས་ཤིག་བྱས་ཡོད། འདས་པའི་ལོ་ངོ་བརྒྱད་ཀྱི་རིང་ལ་རྒྱ་ནག་གིས་འཛམ་གླིང་ལ་ཐེབས་པའི་ཤུགས་རྐྱེན་གྱི་ངོས་ནས་བལྟས་ན་སེ་པེན་གྱི་རྩོམ་པ་པོ་དང་ཉམས་ཞིབ་པ་ ཁྰར་ཌོ་ནོ་ཞེས་པས་རྒྱ་ནག་གིས་སྤྲོད་བཞིན་པའི་ཟབ་སྦྱོང་ནི་ང་ཚོའི་ནམ་རྒྱུན་ངོས་འཛིན་བྱེད་ཀྱི་ཡོད་པའི་ཟབ་སྦྱོང་དེ་འདྲ་ཞིག་མིན། འདི་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་ནི་ཕྱིའི་རྒྱལ་ཁབ་ཁག་གི་སྤྱི་ཚོགས་སུ་ཤུགས་རྐྱེན་ཆེ་ཤོས་ཐེབས་མཁན་སྲིད་ཇུས་སློབ་སྟོན་པ་དང་གྲོས་ཚོགས་འཐུས་མི། ཕྱི་འབྲེལ་མི་སྣ་རྣམས་ཡིན། དོན་དངོས་སུ་རྒྱ་ནག་གིས་མི་འདི་དག་ལ་རྒྱ་ནག་གི་ཆབ་སྲིད་ཁྱབ་བསྒྲགས་བྱས་ནས་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་ཡོད་ཅེས་ཀྱི་བཤད་འདུག གཞན་ཡང་རྒྱ་ནག་གཞུང་གིས་འཛམ་གླིང་གི་ས་ཆ་གང་སའི་སློབ་ཆེན་ཁག་ཏུ་རྒྱ་ནག་གི་ཁུང་ཧྥུ་ཙིའི་སློབ་གླིང་འཛུགས་བཙུགས་ཏེ། རྒྱ་ཡིག་སློབ་པ་དང་རྒྱ་ནག་གི་ཡིག་གཟུགས་འབྲི་ཚུལ་སློབ་པ་བཅས་ལ་དམིགས་ཡུལ་ཡོད་པའི་མཐོང་ཚུལ་འབྱུང་གི་ཡོད་ཅིང་། རྒྱ་ནག་གི་ལས་དོན་དེ་དག་རྒྱ་ནག་དམར་ཕྱོགས་ཚོགས་པའི་ལངས་ཕྱོགས་ལ་རྒྱབ་སྐྱོབ་བྱེད་དུ་འཇུག་གི་ཡོད་པ་མངོན་གསལ་རེད་ཅེས་ཨ་རིའི་དམངས་གཙོ་ཐེབས་རྩ་ཁང་གི་ཉམས་ཞིབ་པས་བརྗོད་འདུག

XS
SM
MD
LG