ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁ་ཆེ་ཚོས་ཌོ་ནལ་ཊོམ་གྱི་འདྲ་གསོབ་མེར་སྲེག་བཏང་ནས་ངོ་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཇཱེ་རུ་ས་ལམ་གྲོང་ཁྱེར་ཨི་སི་རལ་གྱི་རྒྱལ་སར་ངོས་འཛིན་བྱས་ཏེ། ཨ་མི་རི་ཀའི་གཞུང་ཚབ་ཁང་མྱུར་དུ་ཊེ་ལི་ཝྭིའུ་གྲོང་ཁྱེར་ནས་ཇཱེ་རུ་ས་ལམ་གྲོང་ཁྱེར་ལ་སྤོར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཤིང་། དེར་བརྟེན་མ་ལེ་ཞི་ཡ་དང་ཨིན་རྡུ་ནེ་ཤི་ཡ། བྷང་གྷ་ལ་དང་པ་ཀི་སི་ཐན། ཀ་ཤི་མིར་དང་ཨི་རན་སོགས་ཨེ་ཤི་ཡའི་ཁ་ཆེའི་ཡུལ་གྲུ་ཁག་ཏུ་ཨ་རིའི་གཞུང་ཚབ་ཁང་གི་ཕྱི་ལོགས་སུ་ཨ་མི་རི་ཀའི་རྒྱལ་དར་དང་སྲིད་འཛིན་ཌོ་ནལ་ཊོམ་གྱི་འདྲ་གསོབ་མེར་སྲེག་བཏང་སྟེ། ཁོ་ཚོས་པ་ལི་སི་ཐན་གྱི་རྒྱལ་དར་འཕྱར་ནས་ཨ་མི་རི་ཀར་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་ཅིང་། ཁ་སང་ཧྥ་རན་སི་དང་འཇར་མན་ཎི་སོགས་ཡུ་རོབ་མཉམ་འབྲེལ་ཁོངས་ཀྱི་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་དང་ཨུ་རུ་སུ། དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་འཇོར་ཌན་དང་ཨི་ཇེབ། ཏུར་ཀི་སོགས་ཨ་མི་རི་ཀར་དཔལ་འབྱོར་དང་དམག་དོན་གྱི་འབྲེལ་བ་དམ་ཟབ་ཡོད་པའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཀྱང་སྲིད་འཛིན་ཌོ་ནལ་ཊོམ་གྱི་ཐག་གཅོད་དེར་ངོ་རྒོལ་བྱས་འདུག དེ་རིང་གཟའ་པ་སངས་ཀྱི་ཕྱག་འཚལ་དགེ་སྦྱོར་བྱེད་སྒོའི་རྗེས་སུ་ཨི་རན་གྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིས་ང་ཚོས་པ་ལི་སི་ཐན་བ་རྣམས་གྲོགས་མེད་ཁེར་རྐྱང་དུ་ནམ་ཡང་འཇོག་ཐུབ་ཐབས་མེད། འཛམ་གླིང་གི་ཁ་ཆེ་ཚོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་ཨི་སི་རལ་ལ་ཁ་གཏད་གཅོག་དགོས་ཞེས་མང་ཚོགས་ལ་སྐུལ་སློང་བྱས་པ་དང་། གཟའ་ལྷག་པའི་ཉིན་ཨ་ཡ་ཏོ་ལས་ཨ་མི་རི་ཀ་དང་ཨི་སི་རལ་གཉིས་འཛམ་གླིང་གི་གཉན་གནོན་པ་གཉིས་ཡིན། ཌོ་ནལ་ཊོམ་གྱིས་ཇཱེ་རུ་ས་ལམ་གྲོང་ཁྱེར་ཨི་སི་རལ་གྱི་རྒྱལ་སར་ངོས་འཛིན་བྱས་པ་རྒྱལ་ནང་གི་འཛིན་སྐྱོང་ལ་འཐུས་ཤོང་སོང་སྟེ། ཁོ་པར་འཇོན་ཐང་མེད་པ་འགེབས་ཐབས་སུ་རྩོད་ཉོག་བསླངས་ནས་མི་མང་གི་བློ་ཁ་སྒྱུར་ཐབས་བྱེད་བཞིན་ཡོད། ཌོ་ནལ་ཊོམ་གྱི་བཙན་དྲག་གི་སྲིད་ཇུས་དེས་ཨི་རན་གཞུང་དམངས་གཉིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་གྱིན་འདུག་ཅེས་བཤད་ཡོད་པ་མ་ཟད། ཨི་རན་གྱི་ཆེས་མཐོའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་ཀྱང་ཌོ་ནལ་ཊོམ་གྱིས་ཇཱེ་རུ་ས་ལམ་གྲོང་ཁྱེར་ཨི་སི་རལ་གྱི་རྒྱལ་སར་ངོས་འཛིན་བྱས་པ་གླེན་རྟགས་ཤིག་ཡིན། ཌོ་ནལ་ཊོམ་གྱི་ཐག་གཅོད་དེས་སླར་ཡང་དཀྱིལ་ཤར་ས་ཁུལ་ལ་དྲག་ཟིང་སློང་སྲིད་ཅེས་ཉེན་བརྡ་བཏང་འདུག

XS
SM
MD
LG