ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འབར་མ་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


འབར་མའི་དབུ་ཁྲིད་ཨང་སང་སུ་ཇི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་དང་དམངས་གཙོའི་ལྟ་གྲུབ་རྩ་འཛིན་པ། ཁོང་གིས་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་ལ་ངོ་རྒོལ་བྱས་ནས་འབར་མའི་དམངས་གཙོ་དང་རང་དབང་གི་ཆེད་དུ་ལོ་༢༠་ཙམ་ལ་རང་ཁྱིམ་དུ་བཟང་བཙོན་ལ་བཞུགས་རུང་། ཕྱི་ཟླ་༡༡་ཚེས་༣༠་ཉིན་ཨང་སན་སུ་ཇི་རྒྱ་ནག་དམར་ཤོག་ཚོགས་པས་པེ་ཅིང་ལ་སྐོང་བའི་རྒྱལ་སྤྱིའི་སྲིད་དོན་ཚོགས་པ་ཁག་གི་ཚོགས་ཆེན་ལ་ཕེབས་ཏེ། རྒྱ་ནག་གཞུང་གིས་ཨང་སན་སུ་ཇིར་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མའི་གཞུང་ལ་ཡུལ་དེའི་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་རང་ཁྱིམ་ནས་མཐར་སྐྲོད་གཏོང་གི་ཡོད་པར་ཁ་རྡུང་དྲག་པོ་བཏང་སྟེ། འབར་མ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་བ་སྡུག་ཏུ་སོང་ཡང་རྒྱ་ནག་དང་འབར་མའི་འབྲེལ་བ་ཡག་ཏུ་འགྲོ་བཞིན་ཡོད་ཅིང་། ཉི་མ་འགའ་ཞིག་གི་གོང་དེར་འབར་མའི་མཐོ་རིམ་དམག་སྤྱི་མཱིན་ཨང་ཧེང་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་ཞིས་ཅིན་ཕིང་ལ་ཐུག་འཕྲད་བྱས་པ་དང་། ཞིས་ཅིན་ཕིང་གི་འབར་མ་རང་ཕྱོགས་སུ་འགུགས་པར་རྒྱ་ནག་དང་འབར་མའི་དམག་གི་འབྲེལ་བ་ཧ་ཅང་ཡག་པོ་ཚུགས་ཡོད་ཅེས་བསྔགས་བརྗོད་བྱས་འདུག ཉེ་བའི་ཟླ་བ་གཅིག་ཙམ་རིང་ལ་ཨ་རིའི་ཕྱི་སྲིད་དྲུང་ཆེ་རེཀ་ཊི་ལར་སན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྣེ་ཁག ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་གི་འགོ་ཁྲིད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་འབར་མའི་གཞུང་ལ་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་རང་ཁྱིམ་ནས་མཐར་སྐྲོད་གཏོང་མི་ཆོག འབར་མའི་དམག་གིས་ར་ཁན་མངའ་སྡེའི་ནང་དུ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱིན་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། དབྱིན་ཇིའི་ཨོཀ་སི་ཧྥོར་ཌི་སློབ་གྲྭ་ཆེན་མོས་སྔོན་ཆད་ཨང་སན་སུ་ཇིར་ཕུལ་བའི་རང་དབང་གི་གཟེངས་རྟགས་ཀྱང་ཕྱིར་བསྡུ་བྱས་པ་མ་ཟད། ཨ་མི་རི་ཀའི་གཞུང་གིས་འབར་མའི་དམག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱ་རྒྱུའི་གྲོས་བསྡུར་བྱེད་ཀྱི་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབར་མའི་དམག་གིས་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་སྡེབ་གསོད་དང་ཁང་པ་མེར་སྲེག བུད་མེད་ལ་བཙན་གཡེམ་དང་ཁ་ཆེ་ཚོ་རང་ཁྱིམ་ནས་མཐར་སྐྲོད་གཏོང་གི་ཡོད་པ་མཚམས་འཇོག་བྱ་དགོས། ཁ་སྔོན་ཕྱི་ཟླ་༨་ནས་རོ་ཧིན་རྒྱ་ཁ་ཆེ་འབུམ་ཕྲག་༦་ལྷག་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ལར་སྐྱབས་བཅོལ་དུ་སོང་བ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱེད་དུ་འཇུག་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་མོད། འོན་ཀྱང་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཟིན་བྲིས་དེར་རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བ་ཚོར་རང་ཡུལ་དུ་ཕྱིར་ལོག་བྱེད་ཆོག་པའི་ཐོབ་ཐང་ཡོད་ཅེས་འཁོད་པའི་འབྲུ་དོན་ཁག་ལ་དགག་པ་བརྒྱབ་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱེད་པའི་གྲོས་ཆོད་འཇོག་ཐུབ་མེད་པ་དང་། རྒྱ་ནག་གཞུང་གིས་རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བའི་གནད་དོན་ཐོག་ཏུ་འབར་མ་དང་བྷང་ག་ལ་གཉིས་ལ་བར་འདུམ་བྱ་རྒྱུ། ད་དུང་འབར་མའི་གཞུང་དམག་དང་བྱང་ཕྱོགས་ཀྱི་གྲངས་ཉུང་མི་རིགས་ཁག་གི་གྱེན་ལོག་པ་ཚོས་འཐབ་འཁྲུག་རྒྱག་གི་ཡོད་པ་དེ་ལའང་བར་འདུམ་བྱ་རྒྱུའི་མོས་མཐུན་བྱས་ཡོད། དེར་བརྟེན་ཨང་སན་སུ་ཇིས་རྒྱ་ནག་ལ་འབྲེལ་བ་གང་ལེགས་འཛིན་རྒྱུ་འབར་མའི་ཁེ་ཕན་ཞིག་ཡིན་པ་ངོས་ཟིན་པ་དང་། དཔལ་འབྱོར་རོགས་རམ་གྱི་ཕྱོགས་ནས་བཤད་ན་རྒྱ་ནག་གི་ཨ་སྒོར་དུང་ཕྱུར་མང་པོ་མ་རྩ་བཙུགས་ནས་འབར་མའི་རྒྱ་ལམ་དང་གློག་ཁང་། གྲུ་ཁ་དང་ལྕགས་ལམ་སོགས་ཡར་རྒྱས་གཏོང་གི་ཡོད་པ་དང་། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་དམག་དང་དཔལ་འབྱོར་གྱི་སྟོབས་ཤུགས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་རྒྱ་སྐྱེད་གཏོང་བཞིན་ཡོད། འབར་མ་རྒྱ་གར་རྒྱ་མཚོ་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་བར་དུ་ཆགས་ཡོད་པས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་རྒྱ་སྐྱེད། དམག་དོན་འཐབ་ཇུས་བཅས་ལ་འབར་མའི་ཆགས་ཡུལ་དེ་ཉིད་ཧ་ཅང་གནད་འགག་ཆེན་པོ་ཞིག་ཆགས་ཡོད། འདས་པའི་ལོ་མང་རིང་ལ་རྒྱ་ནག་གཞུང་གིས་འབར་མ་རང་ཕྱོགས་སུ་འགུགས་ཐུབ་མེད། འབར་མའི་གཞུང་དམངས་གཉིས་ཀ་རྒྱ་ནག་ལ་ཡིད་ཆེས་མེད་པ་དང་རྒྱ་ནག་གི་འཛུགས་སྐྲུན་དང་དཔལ་འབྱོར་རོགས་རམ་རྣམས་རྒྱ་ནག་གི་ཁེ་ཕན་ཆེད་དུ་ཡིན། འབར་མའི་མི་དམངས་ལ་རོགས་ཕན་དེ་ཙམ་མེད་པའི་ལྟ་ཚུལ་ཤུགས་ཆེན་ཡོད་པ་དང་། འབར་མའི་མི་དམངས་ཀྱི་གྲས་སུ་རྒྱ་ནག་གཞུང་དང་རྒྱ་མི་རིགས་ལ་མི་དགའ་བའི་སྡང་ཟུག་ཆེན་པོ་ཡོད་རུང་། ཉེ་ཆར་རྒྱ་ནག་གི་ཕྱི་སྲིད་བློན་འབར་མ་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་པའི་སྐབས་དེར་ཨང་སན་སུ་ཇིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ལ་ང་ཚོའི་ར་ཁན་མངའ་སྡེ་ནང་དུ་དཀའ་ངལ་ཞིག་འཕྲད་ཡོད། རྒྱ་ནག་གཞུང་གིས་འབར་མའི་ར་ཁན་མངའ་སྡེ་ནང་གི་དཀའ་ངལ་དེ་མགོ་ཉོག་ཆེན་པོ་ཞིག་ཡིན་པ་རྒྱུས་ལེན་བྱས་པར་རྗེས་སུ་ཡི་རང་ཡོད་ཅེས་གཏམ་བཤད་བྱས་ཏེ། ཨང་སན་སུ་ཇིས་ར་ཁན་བ་ཞེས་མིང་འབོད་བྱས་པ་ལས་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་ཞེས་གླེང་མེད། འབར་མའི་གཞུང་གིས་ར་ཁན་མངའ་སྡེ་ནང་དུ་རོ་ཧིན་རྒྱ་ཞེས་ཁ་ཆེ་གྲངས་ཉུང་མི་རིགས་ཤིག་ཡོད་པར་ངོས་ལེན་མེད། ཁོ་ཚོ་བྷང་ག་ལ་ནས་ཡོང་བའི་ཁྲིམས་འགལ་གྱི་ཡུལ་སྤོར་གཞིས་ཆགས་པ་རེད་ཅེས་འགྲེལ་བཤད་རྒྱག་གི་ཡོད་པ་དང་། ༡༩༨༢་ནས་འབར་མའི་གཞུང་གིས་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་ལ་འབར་མའི་སྤྱི་དམངས་ཀྱི་ཐོབ་ཐང་ཡོད་པའང་ཕྱིར་བསྡུ་བྱས་ཡོད་པ་རེད།།

XS
SM
MD
LG