ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་དང་འབར་མའི་དམག་གི་འབྲེལ་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། འདས་པའི་ལོ་མང་རིང་འབར་མ་དང་རྒྱ་ནག་གཉིས་ལ་ཕྱི་འབྲེལ་དང་དཔལ་འབྱོར། ཚོང་ལས་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་དང་། ལྷག་པར་དུ་འབར་མའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་གཏེར་རྫས་བཟོ་ལས་ཁག་ལ་རྒྱ་ནག་གིས་ཨ་སྒོར་དུང་ཕྱུར་མང་པོ་མ་རྩ་བཙུགས་ཏེ། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འབར་མ་རྒྱལ་ཁབ་ལ་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་པའི་དུས་སུ་རྒྱ་ནག་གིས་གཡོ་བ་མེད་པར་འབར་མའི་གཞུང་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། ད་ལྟ་བྷར་མའི་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་རྒྱལ་ཁབ་དེའི་ས་ཐོག་ནས་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ལར་མཐར་སྐྲོད་བཏང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མའི་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་སྐབས་སུའང་རྒྱ་ནག་གིས་སྔར་བཞིན་འབར་མའི་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། གཟའ་འཁོར་འདིར་རྒྱ་ནག་གི་དབུས་དམག་དོན་ལྷན་ཁང་གི་ཚོགས་མི་ལི་ཙུའོ་ཁྲེང་གིས་འབར་མའི་མཐོ་རིམ་དམག་སྤྱི་མིན་ཨང་ལེ་ལ་ཐུག་འཕྲད་ཀྱིས་རྒྱ་ནག་གི་འཕེལ་རྒྱས་དེ་ཉིད་འབར་མའི་ཡར་རྒྱས་ལ་མཚོན་ན་གོ་སྐབས་ཤིག་ཡིན། ད་ལྟ་མངའ་ཁུལ་འདིའི་བདེ་འཇགས་སྲུང་སྐྱོབ་ཀྱི་གནས་སྟངས་འགྱུར་ལྡོག་འགྲོ་རུང་བ་ཞིག་ཡིན། མངའ་ཁུལ་འདིའི་བདེ་འཇགས་སྲུང་སྐྱོབ་ཀྱི་གནད་དོན་མགོ་བོ་ཉོག་པོ་ཞིག་ཀྱང་ཡིན། དེར་བརྟེན་རྒྱ་ནག་དང་འབར་མ་གཉིས་ཀྱིས་དམག་དོན་འཐབ་ཇུས་ཀྱི་འབྲེལ་བ་འཛིན་དགོས། ང་ཚོར་ཕྱོགས་གཉིས་ཀྱི་དམག་གི་འབྲེལ་བ་ཡར་རྒྱས་གཏོང་འདོད་ཡོད་ཅེས་བཤད་འདུག ཉེ་བའི་ཟླ་ཤས་ཤིག་ནས་འབར་མའི་དམག་གིས་ཡུལ་དེའི་ར་ཁན་ཞིང་ཆེན་གྱི་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་ཁང་པ་རྣམས་མེར་བསྲེགས་ཏེ། རོ་ཧིན་རྒྱ་ཁ་ཆེ་འབུམ་༦་ལྷག་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ལར་སྐྱབས་བཅོལ་དུ་སོང་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འབར་མའི་གཞུང་ལ་ཁ་ཆེ་སྐྱབས་བཅོལ་བ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱེད་དུ་འཇུག་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་མོད། འོན་ཀྱང་རྒྱ་ནག་གཞུང་གིས་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་བདེ་སྡུག་ལ་སྣང་མེད་བཏང་ནས་འབར་མའི་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཁ་ཆེ་སྐྱབས་བཅོལ་བ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱེད་དུ་འཇུག་རྒྱུ་ཡིན་མིན་འབར་མའི་ནང་སྲིད་ཅིག་ཡིན། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་མེད་ཅེས་རྣམ་འགྱུར་གསལ་བོར་བསྟན་ཡོད། ཁ་སང་གཟའ་ལྷག་པའི་ཉིན་ཨ་མི་རི་ཀས་འབར་མའི་དམག་གིས་རོ་ཧིན་རྒྱ་ཁ་ཆེ་རྣམས་མཐར་སྐྲོད་བཏང་བ་མི་རིགས་གཙང་གསེས་ཀྱི་ཐབས་ཇུས་ཤིག་ཡིན་པས། ཨ་མི་རི་ཀས་འབར་མའི་དམག་གི་འབྲེལ་ཡོད་འགོ་ཁྲིད་ཚོར་ཉེས་ཆད་གཅོད་སྲིད་ཅེས་སྡིགས་ར་བསྐུལ། རྒྱ་ནག་གིས་ཨ་མི་རི་ཀ་འབར་མའི་དམག་གི་འགོ་ཁྲིད་ཚོར་དགའ་མོས་མེད་པའི་གོ་སྐབས་བཟུང་ནས་རྒྱལ་ཁབ་དེའི་དམག་ལ་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་ཐབས་སུ་འབད། རྒྱ་ནག་གི་མཐོ་རིམ་དམག་སྤྱི་ལི་ཙུའོ་ཁྲེང་གིས་རྒྱ་ནག་གི་དྲག་པོའི་དཔུང་སྡེ་ཁག་དང་འབར་མའི་དམག་གིས་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་མཉམ་འབྲེལ་དང་དམག་སྦྱོང་མཉམ་འབྲེལ། རྒྱ་ནག་གི་དམག་དང་འབར་མའི་དམག་གི་འབྲེལ་གཏུག་མང་དུ་གཏོང་དགོས་ཞེས་གྲོས་གཞི་བཏོན། ལོ་ཤས་གོང་དུ་འབར་མའི་དམག་གིས་ཡུལ་དེའི་འཐའ་མཚམས་ཀྱི་རང་སྐྱོང་ས་ཁུལ་ཁག་གི་གྱེན་ལོག་པ་ཚོར་འཐབ་རྒོལ་བྱས་ནས་སྐབས་ཤིག་གི་རིང་ལ་འབར་མའི་མཐའ་མཚམས་ཀྱི་གྲོས་གསེབ་པ་སྟོང་ཕྲག་མང་པོ་རྒྱ་ནག་གི་ཕྱོགས་སུ་བྲོས་བྱོལ་དུ་སོང་བས། རྒྱ་ནག་དང་འབར་མའི་དམག་གི་འབྲེལ་བ་སྡུག་ཏུ་སོང་། ལོ་ཤས་གོང་དུ་རྒྱ་ནག་གིས་འབར་མར་ནས་བྷང་ག་ལའི་མཚོ་ཁུག་བརྒྱུད་ནས་རྒྱ་ནག་ལ་རང་བྱུང་སོལ་རླངས་འདྲེན་པའི་ལྕགས་སྦུག་ཅིག་བཙུགས་པ་མ་ཟད། ད་ལོ་རྒྱ་ནག་གིས་འབར་མ་ནས་རྡོ་སྣུམ་ནང་འདྲེན་བྱེད་པར་ལྕགས་སྦུག་ཅིག་ཀྱང་བཙུགས་ཤིང་། ད་ལྟ་རྒྱ་ནག་གིས་མ་ལ་ཀ་མཚོ་འགག་དང་སིང་ག་པུར་གཅིག་པུ་བརྒྱུད་མི་དགོས་པར་དཀྱིལ་ཤར་ས་ཁུལ་གྱི་རྡོ་སྣུམ་འབར་མ་བརྒྱུད་ནས་ནང་འདྲེན་བྱ་རྒྱུ་དང་། འབར་མ་ནས་རྒྱ་ནག་གི་ཡུན་ནན་ཞིང་ཆེན་ལ་ལྕགས་སྦུག་ནང་དུ་རྡོ་སྣུམ་ནང་འདྲེན་བྱ་འཆར་ཡོད་པ་རེད། ༢༠༡༡་ལོར་འབར་མ་རྒྱལ་ཁབ་ལ་ཆབ་སྲིད་སྒྱུར་བཅོས་བཏང་སྟེ་ཨང་སན་སུ་ཇི་ལོ་༢༠་ཡས་མས་ཤིག་ལ་རང་ཁྱིམ་དུ་བཟང་བཙོན་ལ་བཅུག་པ་གློད་གྲོལ་བཏང་བ་དང་། ༢༠༡༥་ལོར་ཨང་སན་སུ་ཅིའི་སྲིད་དོན་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པའི་རྗེས་སུ་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འབར་མ་རྒྱལ་ཁབ་ལ་མ་རྩ་བཙུགས་ནས་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་བསྐྱར་དུ་བཙུགས་རུང་། ད་ལོ་རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་ཏུ་འབར་མའི་གཞུང་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འབྲེལ་བར་འགེལ་རྐྱེན་འཕྲད་པ་དང་། རོ་ཧིན་རྒྱ་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་འབྱུང་ཁུངས་དེ་ཉིད་བྷང་ག་ལ་ཡིན་ཞིང་། ཁ་ཆེ་ཁག་ཅིག་མི་རབས་རེ་ཟུང་གོང་དུ་འབར་མའི་ས་ཐོག་ཏུ་ཡོང་ནས་གཞིས་ཆགས་ཡོད། རོ་ཧིན་རྒྱ་ཁ་ཆེ་མང་ཆེ་བ་༡༩༧༠་དོན་གྲངས་ནས་འབར་མའི་ས་ཐོག་ཏུ་ཡོང་སྟེ་གཞིས་ཆགས་པ་ཞིག་ཡིན་ལ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འབར་མའི་དམག་ལ་མཚན་ཆ་ཕྱིར་ཚོང་བྱ་རྒྱུ་མཚམས་འཇོག་བྱ་དགོས་པ་དང་། ད་དུང་འབར་མའི་གཞུང་ལའང་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་བཙན་འགེལ་བྱ་དགོས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།།

XS
SM
MD
LG