ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཉི་ཧོང་གི་རྒྱལ་སྲུང་སྟོབས་ཤུགས་ཡར་རྒྱས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༡༡་ཚེས་༡༧་ཉིན་ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེས་ཉི་ཧོང་གི་གྲོང་ཚོགས་འོག་མར་རྒྱལ་སྲུང་འཐབ་ཇུས་ཀྱི་གཏམ་བཤད་བྱས་པ་དང་། ཁོང་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཉེན་ཀ་ནི་འཛམ་གླིང་དམག་གཉིས་པའི་རྗེས་སུ་ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་ལ་འཕྲད་མྱོང་མེད་པའི་ཉེན་ཀ་ཞིག་ཡིན། ཉི་ཧོང་གཞུང་གིས་ངེས་པར་དུ་རྒྱལ་སྲུང་སྟོབས་ཤུགས་ཡར་རྒྱས་གཏོང་དགོས་ཀྱིན་འདུག ད་ལོ་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་ཐེངས་༦ བྱས་པ་དང་། ཁོ་ཚོའི་མེ་ཤུགས་འཕུར་མདེལ་ཐེངས་གཉིས་ལ་ཉི་ཧོང་གི་མཁའ་དབྱིངས་བརྒྱུད་ནས་ཚོད་བྱས་སོང་། ང་ཚོས་ཉི་ཧོང་གི་མེ་ཤུགས་འཕུར་མདེལ་གྱི་འགོག་སྲུང་མཚོན་ཆ་ཡར་རྒྱས་བཏང་སྟེ། ཉི་ཧོང་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་བྱང་ཀོ་རི་ཡར་འོས་ཤིང་འཚམས་པའི་རྒོལ་ལན་སློག་ཐུབ་པའི་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་རྒྱུ་ཡིན་ཞེས་ནན་བརྗོད་བྱས་འདུག སྲིད་བློན་ཨ་བྷེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་བྱང་ཀོ་རི་ཡར་སྔར་ལས་ལྷག་པའི་གནོན་ཤུགས་སྤྲོད་དགོས། བྱང་ཀོ་རི་ཡས་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་དང་འཁྲུག་རྩོད་སློང་བའི་ལམ་ཕྱོགས་སུ་སྐྱོད་ཀྱི་ཡོད་པར་འགྱུར་བ་གཏོང་དགོས་ཞེས་བཤད་ཅིང་། ཕྱི་ཟླ་༡༢་པའི་ཚེས་༩་བར་དུ་ཉི་ཧོང་གི་གྲོས་ཚོགས་ཉི་མ་༣༩་ལ་དམིགས་བསལ་གྱི་ཚོགས་དུས་ཤིག་འཚོགས་བཞིན་ཡོད་པ་དང་། ཟླ་བ་སྔོན་མར་སྲིད་བློན་ཨ་བྷེའི་གཞུང་འཛིན་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁབ་ཆེན་པོ་ཐོབ་སྟེ། ཉི་ཧོང་གི་གྲོས་ཚོགས་གོང་འོག་གཉིས་ཀར་སྲིད་བློན་ཨ་བྷེའི་གཞུང་འཛིན་ཚོགས་པར་འཐུས་མི་གསུམ་ཆའི་གཉིས་ཀྱི་གདན་གྲངས་ཐོབ་ཡོད། དེར་བརྟེན་ཉི་ཧོང་གི་གྲོས་ཚོགས་སུ་སྲིད་གཞུང་གིས་བཏོན་པའི་གྲོས་གཞི་ཁག་ལ་གྲོས་ཆོད་འཇོག་རྒྱུ་སྟབས་བདེ་རུ་སོང་བ་དང་། ༢༠༡༢་ལོར་སྲིད་བློན་ཨ་བྷེས་སྲིད་དབང་བཟུང་ནས་བཟུང་། ཁོང་གིས་ཉི་ཧོང་གི་རྒྱལ་སྲུང་འགྲོ་གྲོན་རིམ་བཞིན་སྤར་ཏེ། ད་ལྟའི་ཉི་ཧོང་གཞུང་གིས་ཨ་མི་རི་ཀ་ནས་དེང་རབས་ཅན་གྱི་མེ་ཤུགས་འཕུར་མདེལ་མང་ཙམ་ཉོ་རྒྱུའི་གྲ་སྒྲིག་ཡོད་ཅེས་བཤད་འདུག ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཉི་ཧོང་ལ་འཚམས་འདྲིར་ཕེབས་པའི་སྐབས་སུའང་ཕྱོགས་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་ཚོང་ལས་ལ་གྲོས་བསྡུར་གཙོ་བོ་བྱས་ཏེ། ཉི་ཧོང་གཞུང་གིས་ཨ་མི་རི་ཀ་ནས་དེང་རབས་ཅན་གྱི་མཚོན་ཆ་མང་ཙམ་ཉོ་དགོས་ཞེས་ཌོ་ནལ་ཊོམ་གྱིས་སྐུལ་ལྕག་བཏང་བ་དང་། ཉི་ཧོང་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པས་སྲིད་འཛིན་ཌོ་ནལ་ཊོམ་དང་སྲིད་བློན་ཨ་བྷེ་གཉིས་ཀྱིས་གྲོས་གཞི་གཙོ་བོ་བདེ་འཇགས་སྲུང་སྐྱོབ་ཡིན། ཨ་མི་རི་ཀས་ཉི་ཧོང་ལ་ཡར་ཐོན་གྱི་དམག་དོན་འཕྲུལ་རིག་ལག་རྩལ་མཁོ་སྤྲོད་བྱ་རྒྱུ་དང་། ཨེ་ཤི་ཡའི་ཤར་ཕྱོགས་ཀྱི་ཨ་མི་རི་ཀའི་དམག་གི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་བསྡུར་བྱས་སོང་ཞེས་བཤད་ཡོད་པ་སྟེ། ཨ་མི་རི་ཀའི་རྒྱང་སྙོབ་ཀྱི་དམིགས་ཡུལ་ནི་ཉི་ཧོང་གི་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་རྒྱུ་དང་། ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་དང་ཨ་མི་རི་ཀའི་བདེ་འཇགས་སྲུང་སྐྱོབ་མཉམ་སྒྲིལ་ཐུབ་པའི་ཆེད་དུ་ཡིན་ཞེས་བཤད་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཨ་མི་རི་ཀའི་དབང་སྒྱུར་འོག་ཏུ་ཉི་ཧོང་ལ་གཏན་འབེབས་བྱས་པའི་རྩ་ཁྲིམས་སུ་ཉི་ཧོང་གིས་དམག་དཔུང་ཉར་འཛིན་བྱེད་མི་ཆོག་པ་དང་ཉི་ཧོང་གི་དམག་ཕྱི་ལ་གཏོང་མི་ཆོག་པ། ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་ལ་ཨ་མི་རི་ཀས་འགན་ལེན་བྱ་རྒྱུའི་ཐག་གཅོད་མོད། འོན་ཀྱང་རྒྱ་ནག་དང་བྱང་ཀོ་རི་ཡའི་དམག་གི་སྟོབས་ཤུགས་ཡར་རྒྱས་སོང་སྟེ། ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་རྩོད་གླེང་གི་འགལ་ཟླ་ཡོད་པ་དང་། བྱང་ཀོ་རི་ཡས་ཉི་ཧོང་ཕྱོགས་སུ་ཁ་གཏད་ནས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་རྒྱུ་ཇེ་མང་དུ་སོང་ཡོད་པས། སྲིད་བློན་ཨ་བྷེས་ཉི་ཧོང་གི་རྩ་ཁྲིམས་ལ་སྒྱུར་བཅོས་བཏང་ནས་རྒྱལ་སྲུང་དམག་དཔུང་གི་སྟོབས་ཤུགས་ཡར་རྒྱས་གཏོང་རྒྱུ་དང་། ཉི་ཧོང་ལ་ཚུར་རྒོལ་བྱུང་ན་རྒོལ་ལན་སློག་ཆོག་ཅེས་ཉི་ཧོང་གི་རྩ་ཁྲིམས་སུ་དོན་ཚན་གསར་པ་ཞིག་ཁ་སྣོན་བྱ་དགོས་པའི་ཤུགས་སྣོན་རྒྱག་གི་ཡོད་པ་མ་ཟད། ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཉི་ཧོང་དང་ལྷོ་ཀོ་རི་ཡ་སོགས་ཀྱིས་རང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་འགྲོ་གྲོན་ཆེ་ཙམ་གཏོང་དགོས། ཨ་མི་རི་ཀ་གཅིག་པུས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་བདེ་འཇགས་སྲུང་སྐྱོབ་ཀྱི་འགྲོ་གྲོན་གཏོང་ཐུབ་ཐབས་མེད་ཅེས་གཏམ་བཤད་ལན་མང་བྱས་པ་དང་། ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེས་རང་གི་རྒྱལ་སྲུང་དམག་དཔུང་གི་སྟོབས་ཤུགས་ཡར་རྒྱས་གཏོང་རྒྱུ་གནད་འགག་ཆེ་རུ་བཟུང་སྟེ། གལ་སྲིད་རྒྱ་ནག་གིས་ཉི་ཧོང་ལ་བཙན་འཛུལ་བྱས་པའམ། ཡང་ན་བྱང་ཀོ་རི་ཡས་ཉི་ཧོང་ལ་ཚུར་རྒོལ་བྱས་པའི་གནས་ཚུལ་འདྲ་བྱུང་ཚེ། ཉི་ཧོང་གི་དམག་ལ་རྩ་ཁྲིམས་ཀྱི་འགོག་རྐྱེན་མེད་པར་རང་སྲུང་དང་ཕར་རྒོལ་བྱེད་ཆོག་པའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG