ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་རྒྱ་རིགས་མང་པོར་ཤུགས་རྐྱེན་ཆེན་པོ་སྤྲད་པ།


ཉེ་ཆར་ཕྱི་ཟླ་༡༠་ཚེས་༡༡་ཉིན་རྒྱ་གར་ངྷ་རམ་ས་ལར་ཡོད་པའི་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་དུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་། དབུ་མའི་ལམ་མི་མང་ལས་འགུལ་ཁང་། ཆིག་སྒྲིལ་ཚོགས་པ། དྷ་ས་ཚོང་པའི་ཚོགས་པ་དང་། དབུས་གཙང་ཆོལ་ཁ། དྷ་ས་མདོ་སྟོད་ཆོལ་ཁ། མདོ་སྨད་ཆོལ་ཁ་བཅས་ཚོགས་པ་ཁག་བདུན་གྱི་གོ་སྒྲིག་འོག་ཏུ་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་སློབ་ཆེན་གྱི་ཆབ་སྲིད་རིག་པའི་རྒྱ་རིགས་དགེ་རྒན་ཆེན་མོ་ཤ་མིན་གྱིས་དབུ་མའི་ལམ་གྱིས་རྒྱ་རིགས་མི་མང་བཞག་པའི་ཤུགས་རྐྱེན་ཅེས་པའི་བརྗོད་གཞིའི་ཐོག་ཏི་དྷ་སའི་ཁུལ་གྱི་མི་ཉིས་བརྒྱ་ལྷག་ལ་གཏམ་བཤད་གནང་འདུག དགེ་རྒན་ཆེན་མོ་ཤ་མིན་གྱིས་ཕྱི་ལོ་༢༠༠༨་ནས་བཟུང་སྟེ་བོད་དོན་ལ་དོ་སྣང་བྱས་ཡོད་པ་དང་། ད་སྔ་ཁོ་རང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་སོགས་བོད་དང་འབྲེལ་བའི་ཚོགས་འདུ་མང་པོར་མཉམ་ཞུགས་བྱས་མྱོང་བ་མ་ཟད། ཁོང་གིས་ད་ལྟའི་བར་དུ་བོད་ཀྱི་གནད་དོན་སྐོར་ལ་དཔྱད་བརྗོད་ཀྱི་རྩོམ་ཡིག་ཀྱང་མང་པོ་བྲིས་ཡོད་ཅིང་། ཐེངས་འདིའི་དགེ་རྒན་ཆེན་མོ་ཤ་མིན་གྱི་གཏམ་བཤད་ཀྱི་ནང་དུ་སྔོན་ཆད་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་ཀྱི་འོག་ཏུ་འཚར་ལོངས་བྱུང་བ་ཡིན་པས་དང་པོར་དབུ་མའི་ལམ་གྱི་ཆབ་སྲིད་ཀྱི་ལངས་ཕྱོགས་འདིར་དོགས་པ་ཡོད་མཁན་ཞིག་ཡིན་མོད། རྗེས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ད་སྔ་བར་དུ་ཐེངས་བཅོ་ལྔ་ལ་མཇལ་བ་དང་། སྲིད་སྐྱོང་བློ་བཟང་སེངྒེ་ལའང་ཐུག་འཕྲད་བྱས་པ་སོགས་ཀྱིས་དབུ་མའི་ལམ་གྱི་དགོངས་དོན་རྒྱུས་ལོན་བྱུང་སྟེ། མཐར་དབུ་མའི་ལམ་གྱི་ཆབ་སྲིད་ཀྱི་དགོངས་པ་ནི་ད་ལྟའི་སྐབས་ལ་དཔག་པའི་ཆབ་སྲིད་ཀྱི་ལམ་ཁ་ཡག་ཤོས་ཡིན་པར་ངོས་འཛིན་བཞིན་ཡོད་ཅེས་པར་བརྗོད་ཡོད། དེ་བཞིན་རྒྱ་རིགས་ཤེས་ཡོན་ཅན་གྱི་གྲས་སུའང་རྩོམ་པ་པོ་ལིའུ་ཞའོ་པོ་དང་། ཝང་ལིས་ཞུང་། ལིས་ཅང་ལིན་སོགས་ཤེས་ཡོན་ཅན་མང་པོས་དབུ་མའི་ལམ་ལ་རྒྱབ་སྐྱོབ་ཞུས་དང་ཞུ་བཞིན་ཡོད་ཅེ་དང་། རྒྱ་རིགས་ཤེས་ཡོན་ཅན་མང་པོ་ཞིག་གིས་དབུ་མའི་ལམ་གྱི་སྲིད་ཇུས་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་རུང་རྒྱ་ནག་གི་དམ་དྲག་ལ་བརྟེན་ནས་རྒྱ་ནག་གི་ཤེས་ཡོན་ཅན་མང་པོ་ཞིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ་རྒྱུས་ལོན་བྱ་ཐུབ་ཀྱི་མེད། ཡང་ཁ་ཤས་ཀྱིས་དབུ་མའི་ལམ་གྱི་སྐོར་གོ་ཐོས་བྱུང་ཡང་དོན་དངོས་སུ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་གང་འདྲ་ཡིན་མིན་ལ་དོགས་པ་སླེབས་ཀྱི་ཡོད་པ་རེད། ཁོ་ཚོར་དབུ་མའི་ལམ་དེ་དངོས་ནས་དེ་འདྲ་ཞིག་ཡིན་པའི་ངོ་སྤྲོད་ཐུབ་ན་སྔོན་ཆད་སྲིད་ཇུས་དེ་འདྲ་ཞིག་གཏན་ནས་གོ་མ་མྱོང་ཞེས་དགའ་ཚོར་ཆེན་པོས་བཤད་སྲིད། རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་ནང་དོན་དང་དབུ་མའི་ལམ་གང་འདྲ་ཞིག་ཡིན་པ་རྒྱ་ནག་མི་མང་ལ་ཤེས་སུ་འཇུག་གི་མེད་ཅིང་། གཉིས་པ་དེ་༧གོང་ས་མཆོག་གི་མཛད་པ་དང་དགོངས་གཞི་ཁག་རྒྱ་ནག་ཏུ་ག་དུས་ཡིན་ནའང་བཀག་སྡོམ་བྱེད་བཞིན་ཡོད་པས་རྒྱ་ནག་དམངས་ཀྱིས་ཤེས་ཐུབ་ཀྱི་མེད། དེ་མིན་དབུ་མའི་ལམ་གྱི་ངོས་ནས་ཀྱང་སྲིད་ཇུས་ཀྱི་ནང་དོན་ངོ་མ་འགེབས་ཐབས་དང་ལོག་འགྲེལ་བྱེད་ཀྱི་ཡོད་པ་རེད་ཅེས་བཤད། མཇུག་མཐར་ཁོང་གིས་རྒྱ་བོད་མི་རིགས་གཉིས་ལ་ཡོངས་སུ་རང་དབང་ཐོབ་པའི་རྗེས་སུ་ཕྱོགས་གཉིས་ཀྱི་ངོས་ནས་སོ་སོའི་འདོད་མོས་དང་མཐུན་པའི་ལམ་ཁ་ཞིག་རྙེད་སྲིད། དཔེར་ན་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཏོན་གནང་བའི་ཨ་ཤེ་ཡའི་མཉམ་འབྲེལ་ལྟ་བུ་ཚུགས་ཐུབ་པ་དང་། གཞན་ཡང་ཁོང་གིས་མ་འོངས་བར་ང་ཚོ་རྒྱ་བོད་གཉིས་ལ་ཡོངས་སུ་རང་དབང་ཐོབ་པའི་རྗེས་སུ་ང་ཚོས་རང་དབང་གི་སྒོ་ནས་སོ་སོའི་ཡང་དག་པའི་ལམ་ཁ་དེི་གདམ་ཆོག་པ་སྟེ། ང་ཚོ་ཕྱོགས་གཉིས་ཀས་ཞི་བདེ་དང་མོས་མཐུན་ཡོད་པའི་ངང་དུ་ཡང་བསྐྱར་འབྲེལ་ལམ་དེ་ཐག་གཅོད་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་བརྗོད་འདུག ཡང་ཁོང་གིས་མི་སྒེར་གྱི་ངོས་ནས་མ་འོངས་བར་རྒྱ་བོད་གཉིས་ལ་རང་དབང་ཐོབ་པ་ཡིན་ན་སྐབས་དེར་རྒྱ་བོད་གཉིས་མུ་མཐུད་དུ་ཐུན་མོང་གི་ཆབ་སྲིད་ཀྱི་སྒྲིག་གཞི་ཞིག་གི་འོག་དུ་འཚོ་གནས་བྱེད་ཐུབ་པར་རེ་བ་བྱེད་ཀྱི་ཡོད། གལ་ཏེ་དེ་དུས་ང་ཚོ་རྒྱ་མི་རིགས་ཀྱི་ངོས་ནས་མ་འདང་བར་བོད་པ་རྣམས་ཀྱི་མངོན་འདོད་དང་མ་མཐུན་པ། བོད་པ་ཚོས་དང་ལེན་བྱེད་ཐབས་མ་བྱུང་བ་ཡིན་ན་སྐབས་དེར་ང་རང་སྒེར་གྱི་ངོས་ནས་སོ་སོར་ནུས་པ་གང་ཡོད་ཀྱིས་བོད་རང་བཙན་གཙང་མ་ཡོང་བར་རྒྱབ་སྐྱོབ་བྱ་ངེས་ཡིན་ཅེས་པ་སོགས་ཀྱི་གཏམ་བཤད་གནང་འདུག

XS
SM
MD
LG