ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ནེའུ་ཟི་ལན་ཌིའི་གྲོས་ཚོགས་འཐུས་མི་ཞིག་དང་རྒྱ་ནག་གི་གསང་བའི་ལས་ཁང་།


དབྱང་ཅན་ཞེས་པའི་རྒྱ་ནག་པ་ཞིག་ཞི་བདེ་རྒྱ་མཚོའི་ནང་དུ་ཆགས་པའི་ནེའུ་ཟི་ལན་ཌི་རྒྱལ་ཁབ་ཀྱི་སྤྱི་དམངས་ཁོངས་སུ་ཞུགས་ཏེ། ཁོ་པ་རྒྱལ་ཁབ་དེའི་གྲོས་ཚོགས་འཐུས་མིར་ཐེངས་གཉིས་ལངས་ནས་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། ཉེ་ཆར་དབྱང་ཅན་ནེའུ་ཟི་ལན་ཌིའི་གྲོས་ཚོགས་འཐུས་མིར་ཐེངས་གསུམ་པར་ལངས་ནས་མི་དམངས་ཁག་ཅིག་གིས་སྔོན་ནས་འོས་ཤོག་འཕངས། ཡིན་ནའང་ནོར་སྲིད་དུས་བབ་ཚགས་པར་དང་ནེའུ་ཟི་ལན་ཌིའི་གསར་འགྱུར་ལས་ཁང་ཞིག་གིས་དབྱང་ཅན་གྱི་རྒྱབ་ལྗོངས་ལ་རྩད་གཅོད་བྱས་ཏེ། དབྱང་ཅན་སྔོན་ཆད་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པ་དང་རྒྱ་ནག་གི་དམག་དོན་གསང་བའི་ལས་ཁང་གི་སོ་མྱུལ་ཚོར་དབྱིན་སྐད་བསླབས་པ། དབྱང་ཅན་ནེའུ་ཟི་ལན་ཌིའི་སྤྱི་དམངས་ཁོངས་སུ་ཞུགས་པའི་འགེངས་ཤོག་ནང་དུ་སྔོན་ཆད་རང་ཉིད་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པ་དང་། རྒྱ་ནག་གི་དམག་དོན་གསང་བའི་ལས་ཁང་གི་སོ་མྱུལ་ཚོར་དབྱིན་སྐད་བསླབས་པ་རྣམས་མ་བཀོད། སྤྱིར་ནེའུ་ཟི་ལན་ཌི་ནི་རྒྱལ་ཁབ་ཆུང་ཆུང་དང་རྒྱ་ནག་པའི་སྤྱི་དམངས་ཡུལ་སྤོར་གཞིས་ཆགས་པ་མང་བའི་རྒྱལ་ཁབ་ཅིག་ཡིན་རུང་། རྒྱལ་ཁབ་དེའི་གསང་བའི་ལས་ཁང་ཁག་ཨ་མི་རི་ཀ་དང་དབྱིན་ཇི། ཁེ་ན་ཌ་དང་ཨོ་གླིང་བཅས་རྒྱལ་ཁབ་བཞིའི་གསང་བའི་ལས་ཁང་ཁག་ལ་འབྲེལ་བ་ཡོད་ཅིང་། ནེའུ་ཟི་ལན་ཌི་ཚུད་པའི་འབྲེལ་ཡོད་རྒྱལ་ཁབ་ལྔས་ཕན་ཚུན་གསང་བའི་གནས་ཚུལ་སྤྲོད་ལེན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་དམག་དོན་གསང་བའི་ལས་ཁང་གི་ལས་བྱེད་པ་ཟུར་པ་ཞིག་ནེའུ་ཟི་ལན་ཌིའི་གྲོས་ཚོགས་འཐུས་མིར་བདམས་པའི་ཤུགས་རྐྱེན་ནེའུ་ཟི་ལན་ཌི་གཅིག་པུར་ཐེབས་ཡོད་པ་ཞིག་ཡིན་མི་སྲིད། ཐ་ན་དབྱང་ཅན་གྱིས་ཨ་མི་རི་ཀ་དང་དབྱིན་ཇི། ཁེ་ན་ཌ་སོགས་འབྲེལ་ཡོད་རྒྱལ་ཁབ་ལྔའི་གསང་བའི་ལས་ཁང་ལ་ཐུན་མོང་གི་ཤུགས་རྐྱེན་ཞིག་ཐེབས་ཏེ། རྒྱ་ནག་གཞུང་གིས་ནེའུ་ཟི་ལན་ཌི་དང་འབྲེལ་ཡོད་རྒྱལ་ཁབ་བཞིའི་གསང་བའི་གནས་ཚུལ་མཁོ་སྒྲུབ་བྱས་ཐུབ་ཡོད་པའི་ཉེན་ཀ་ཡོད། ཐོག་མར་དབྱང་ཅན་རྒྱ་ནག་ནས་ཨོ་གླིང་ལ་ཡུལ་སྤོར་གཞིས་ཆགས་སུ་སོང་བ་དང་། དེ་ནས་ཁོ་པ་ཨོ་གླིང་དུ་མ་བསྡད་པར་ནེའུ་ཟི་ལན་ཌིར་ཡུལ་སྤོར་གཞིས་ཆགས་སུ་སོང་། དབྱང་ཅན་གྱིས་ལོ་རབས་༨༠་དང་༩༠་བའི་ནང་དུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་འཕྲུལ་རིག་སློབ་ཆེན་ལ་དབྱིན་སྐད་བསླབས་པ་བདེན་པ་ཡིན། ངས་ནེའུ་ཟི་ལན་ཌིའི་སྤྱི་དམངས་འགེངས་ཤོག་ནང་དུ་སློབ་ཆེན་དེར་དབྱིན་སྐད་བསླབས་པ་ཡིན་ཞེས་བྲིས་མེད། ང་ལ་སློབ་ཆེན་དེའི་འབྲེལ་ཡོད་ལས་སྣེ་ཚོས་མི་དམངས་བཅིངས་འགྲོལ་དམག་གི་འཕྲུལ་རིག་སློབ་ཆེན་ཞེས་འབྲི་མི་ཆོག དེའི་ཚབ་ཏུ་ཟླ་གྲོགས་ཞིབ་འཇུག་ཁང་གི་ལས་བྱེད་པ་ཡིན་ཞེས་འགེངས་ཤོག་ནང་དུ་འབྲི་དགོས་པའི་མངགས་བཀོད་བྱས་སོང་། ཡིན་ནའང་ང་རྒྱ་ནག་གི་སོ་མྱུལ་གཏན་ནས་མིན། ད་ལྟ་ང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡང་མིན། ང་ལ་སྔོན་ཆད་རྒྱ་ནག་གཞུང་གིས་སྤྱི་དམངས་གན་རྒྱ་བཞག་པའི་ལས་མི་ཞིག་གི་གླ་ཕོགས་ལས་སྤྲད་མྱོང་མེད་ཅེས་བཤད། ནེའུ་ཟི་ལན་ཌིའི་གཞུང་གིས་དབྱན་ཅན་ལ་དངོས་སུ་སོ་མྱུལ་གྱི་ནག་ཉེས་བཙུགས་པའམ། ཡང་ན་ཁོ་པ་རྒྱ་ནག་གི་དམག་དོན་གསང་བའི་ལས་ཁང་གི་སོ་མྱུལ་ཡིན་པའི་ཉེས་འཛུགས་གང་ཡང་བྱས་མེད་ཅིང་། ཨ་མི་རི་ཀའི་དབུས་གསང་བའི་ལས་ཁང་གི་ལས་སྣེ་ཟུར་པ་ཞིག་གིས་རྒྱ་ནག་གི་དམག་དོན་གསང་བའི་ལས་ཁང་གི་སོ་མྱུལ་མང་པོ་ཞིག་སྤྱི་དམངས་སྲི་ཞུ་བའི་རྣམ་པར་བསྒྱུར་ཏེ། ཁོ་ཚོ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སློབ་ཆེན་ཁག་དང་བཟོ་ཚོང་ལས་ཁང་ཁག ཞིབ་འཇུག་ལས་ཁང་ཁག་དང་སྲིད་དོན་ཚོགས་པ་ཁག་ལ་ཞུགས་ནས་རྒྱ་ནག་གི་དམིགས་ཡུལ་སྒྲུབ་ཀྱིན་འདུག་ཅེས་བཤད་ཡོད། རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་འགའ་ཞིག་གིས་གུང་ཁྲན་ཏང་གི་ཚོགས་མི་ཞིག་ཏང་གི་ཚོགས་མིའི་ཁོངས་ནས་ཕྱིར་ཕུད་མ་བྱས་ཚེ། ཁོ་པ་རང་མོས་ཐོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་འཐེན་བྱ་ཐུབ་རྒྱུ་ཁག་པོ་རེད་ཅེས་གླེང་། རྒྱ་ནག་དང་ཨེ་ཤི་ཡར་ལོ་༣༠་ཙམ་ལ་ཞིབ་འཇུག་བྱས་པའི་ནེའུ་ཟི་ལན་ཌིའི་དཔལ་འབྱོར་རིག་པ་བ་ཞིག་གིས་རྩོམ་ཡིག་བྲིས་ཏེ། དབྱང་ཅན་ནེའུ་ཟི་ལན་ཌིའི་གྲོས་ཚོགས་འཐུས་མིའི་ཁོངས་ནས་ཕྱིར་འཐེན་བྱ་དགོས། རང་གི་བྱས་ཉེས་ལ་འགྱོད་སེམས་མེད་པའི་མི་ཞིག་ལ་ནེའུ་ཟི་ལན་ཌིའི་གྲོས་ཚོགས་འཐུས་མིའི་གདན་ཐོབ་འཛིན་ཆོག་པའི་འོས་བབ་མེད། ནེའུ་ཟི་ལན་ཌིའི་སྤྱི་དམངས་རྒྱ་ནག་པ་ཚོར་འཐུས་ཚབ་བྱེད་ཐུབ་པའི་སྐྱེ་བོ་འོས་ཆོས་ཚང་བ་ཞིག་དགོས་ཀྱིན་འདུག གལ་སྲིད་དབྱང་ཅན་ལྟ་བུའི་མི་རྣམས་ནེའུ་ལན་ཌའི་གྲོས་ཚོགས་འཐུས་མིར་བདམས་ན་ནེའུ་ཟི་ལན་ཌི་རྒྱ་ནག་ལ་དཔྱ་སྐྱེས་འབུལ་མཁན་རྒྱལ་ཕྲན་ལྟ་བུ་ཞིག་ལ་འགྱུར་ངེས་རེད་ཅེས་སྐྱོན་བརྗོད་བྱས་མོད། ཡིན་ནའང་ནེའུ་ཟི་ལན་ཌིའི་སྲིད་དོན་ཚོགས་པ་གཉིས་ཀས་དབྱན་ཅན་སྔོན་ཆད་རྒྱ་ནག་གི་དམག་དོན་གསང་བའི་ལས་ཁང་ལ་འབྲེལ་བ་ཡོད་པའི་གནས་ཚུལ་ཐོན་པར་སེམས་འཚབ་མེད། ང་ཚོས་དབྱང་ཅན་གྱིས་རྒྱ་ནག་གི་གསང་བའི་ལས་ཁང་གི་ཆེད་དུ་སོ་མྱུལ་བྱས་ཡོད་པའི་དཔང་རྟགས་གང་ཡང་རྙེད་མ་སོང་། ང་ཚོ་རྒྱལ་ཡོངས་གཞུང་འཛིན་ཚོགས་པ་དབྱང་ཅན་གྱི་རྒྱབ་ལྗོངས་ལ་རྒྱུས་མངའ་ཡོད། ཁོ་པས་སྔོན་ཆད་ཅི་ཞིག་བྱས་པ་རྣམས་ང་ཚོར་སྦ་གསང་བྱས་མ་སོང་ཞེས་ནེའུ་ཟི་ལན་ཌིའི་སྲིད་བློན་གྱི་མགྲིན་ཚབ་པ་ཞིག་གིས་གསར་འགོད་གསལ་བསྒྲགས་སྤེལ། དབྱང་ཅན་དང་སྲིད་བློན་བྷིལ་ཨིན་ལི་ཤི་གཉིས་གཞུང་འཛིན་རྒྱལ་ཡོངས་ཚོགས་པའི་འཐུས་མི་ཡིན་པས་སྲིད་བློན་གྱིས་རང་གི་སྲིད་དོན་ཚོགས་པའི་འཐུས་མི་དབྱང་ཅན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན། ནེའུ་ཟི་ལན་ཌིའི་ཁེ་ཊི་བྷར་རི་སློབ་ཆེན་གྱི་སྲིད་དོན་རིག་པའི་སློབ་དཔོན་ཨན་མཱེ་རི་བྷ་རེ་ཌི་ཞེས་པ་ཞིག་གིས་ནེའུ་ཟི་ལན་ཌིའི་གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པ། ནེའུ་ཟི་ལན་ཌིའི་སློབ་ཆེན་ཁག་དང་གྲོས་ཚོགས་འཐུས་མི་སོགས་ལ་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་འདུག ཞིས་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་འགྲོ་གྲོན་ཆེན་པོ་བཏང་སྟེ། ཁོ་ཚོས་ནེའུ་ཟི་ལན་ཌིའི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་པ་ཁ་ལོ་སྒྱུར་ཐབས་བྱེད་ཀྱིན་འདུག ༢༠༡༧་འདིར་པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་དང་ནེའུ་ཟི་ལན་ཌིའི་འབྲེལ་བ་ཡར་རྒྱས་གཏོང་དགོས་པའི་ལངས་ཕྱོགས་འཛིན་མཁན་ནེའུ་ཟི་ལན་ཌིའི་སྲིད་དོན་པ་དང་སྲིད་དོན་ཚོགས་པ་ཁག་ལ་རྒྱབ་སྐྱོར་བྱས་སོང་། འདི་ནི་༡༩༦༠་རེ་གྲངས་སུ་རྒྱ་ནག་གཞུང་གིས་ཨུ་རུ་སུ་ལ་མི་དགའ་བའི་ཨར་པ་ཎི་ཡའི་སྲིད་དོན་པ་ཚོར་རྒྱབ་སྐྱོར་བྱས་པའི་སྲིད་ཇུས་དང་གཅིག་མཚུངས་ཡིན། ནེའུ་ཟི་ལན་ཌིར་འགྲེམ་སྤེལ་བྱེད་བཞིན་པའི་རྒྱ་ཡིག་གི་གསར་འགྱུར་གྱི་ནང་དོན་ལའང་ཞིབ་བཤེར་ནན་པོ་བྱ་དགོས། གྲོས་ཚོགས་འཐུས་མི་དབྱང་ཅན་དང་རེ་མོན་ཌི་ཧོ་གཉིས་ལ་དོགས་ཟོན་བྱ་དགོས། རྒྱ་ནག་པའི་ནེའུ་ཟི་ལན་ཌིའི་གྲོས་ཚོགས་འཐུས་མི་ཚོར་རྒྱ་ནག་གཞུང་ཚབ་ཁང་གི་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་འདུག་ཅེས་སྙན་ཐོ་བཏོན་འདུག

XS
SM
MD
LG