ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཧོང་ཀོང་བོད་ལྟར་འགྱུར་ཉེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཧོང་ཀོང་གི་དཔྱད་བརྗོད་པ་དང་གསར་འགྱུར་བརྒྱུད་ལམ་དུ་ཕྱག་ལས་གནང་མཁན་ལཱེན་ཡི་ཀྲིང་གིས་ཉེ་ཆར་ཉེའུ་ཡོཀ་དུས་བབ་ཀྱི་རྒྱ་ཡིག་དྲ་ངོས་སུ་ཧོང་ཀོང་གི་གནས་སྟངས་མ་འོངས་པར་བོད་ཀྱི་གནས་སྟངས་ལྟར་འགྱུར་སྲིད་དམ་ཞེས་དཔྱད་རྩོམ་ཞིག་སྤེལ་འདུག ཁོང་གིས་རྩོམ་ཡིག་དེར་ཧོང་ཀོང་ལའང་བོད་ལྟར་མིང་ཙམ་གྱི་རང་སྐྱོང་གི་ཐོབ་ཐང་ཞིག་མ་གཏོགས་ཅི་ཡང་མེད་པའི་ས་ཁུལ་ཞིག་ལ་འགྱུར་སྲིད། ད་སྔ་བོད་པར་རྒྱ་ནག་གཞུང་གིས་དྲག་གནོན་ཡ་ང་བ་བྱས་ནས་བོད་ཀྱི་རིག་གནས་དང་སྐད་ཡིག བོད་པ་ཚོའི་སྒེར་གྱི་རང་དབང་དང་ཐོབ་ཐང་རྣམས་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་ཅིང་། ང་ཚོས་རྒྱ་ནག་གཞུང་གི་དབང་ཤུགས་འོག་ཏུ་ཧོང་ཀོང་དང་བོད་གཉིས་ལ་ཧ་ཅང་འདྲ་མཚུངས་ཀྱི་གནས་སྟངས་ཐབས་རྡུགས་ཤིག་ཡོད་པ་དག་ལ་བསམ་བློ་བཏང་ཚེ། མ་འོངས་པར་རྒྱ་ནག་པེ་ཅིང་གཞུང་གིས་ཧོང་ཀོང་ལའང་བོད་ལྟར་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་སྲིད་པའི་བློ་འཚབ་ཆེན་པོ་ཡོད། ཧོང་ཀོང་བ་དང་བོད་པ་གཉིས་ནི་མི་རིགས་ཀྱི་ངོས་ནས་རྒྱ་ནག་གི་དབུས་ཕྱོགས་དང་བྱང་ཕྱོགས་ཀྱི་རྒྱ་མི་རིགས་དང་འདྲ་མཚུངས་མིན་པར་ས་ཁུལ་འདི་དག་ལ་རང་གི་ཐུན་མོང་མ་ཡིན་པའི་དམིགས་བསལ་གྱི་ཁྱད་དབང་ཡོད་པའི་རང་སྐྱོང་གི་འཛིན་སྐྱོང་ཐུབ་པའི་མཐུན་རྐྱེན་ཆ་ཚང་ཡོད་པ་མ་ཟད། ལོ་རྒྱུས་ཀྱི་ཐོག་ནས་ཀྱང་གནའ་བོའི་དར་གོས་ཚོང་ལམ་གྱི་རྒྱུད་དུ་ཆགས་པའི་བོད་ནི་རྒྱ་ནག་གིས་རྒྱ་གར་སོགས་ལ་འབྲེལ་ལམ་འཛུགས་པའི་སྒེའུ་ཁུང་ལྟ་བུ་ཡིན་ཞིང་། དེ་བཞིན་ཧོང་ཀོང་ཡང་དུས་རབས་མང་པོར་རྒྱ་ནག་གིས་ལྷོ་ཤར་ཨེ་ཤི་ཡའི་ས་ཁུལ་ཁག་ལ་འབྲེལ་ལམ་འཛུགས་སའི་ལམ་ཁ་གཙོ་བོ་ཡིན། བོད་དང་ཧོང་ཀོང་གཉིས་ཀ་དབྱིན་ཇིའི་བཙན་འཛུལ་འོག་ཏུ་ཚུད་མྱོང་པ་བཅས་ས་གནས་འདི་དག་ལ་ལོ་རྒྱུས་ཀྱི་ངོས་ནས་ཀྱང་འདྲ་ས་མང་པོ་ཡོད་ཅེས་བཀོད། བོད་ལ་མཚོན་ན་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཏུ་མི་རིགས་རང་སྐྱོང་ཅེས་མིང་ཙམ་མ་གཏོགས་མེད། ཧོང་ཀོང་ལ་མཚོན་ནའང་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་རྩིས་མེད་རྡོག་རོལ་བཏང་བའི་མཇུག་འབྲས་སུ་ཧོང་ཀོང་ལ་ཉི་གདུགས་སེར་པོའི་གསར་བརྗེ་ལས་འགུལ་ལངས་པ་དང་། ཉེ་ཆར་ཧོང་ཀོང་གི་རང་དབང་འཐབ་རྩོད་པ་གསུམ་ལ་ཁྲིམས་ཆད་འཕར་མ་བཏང་སྟེ་ཧོང་ཀོང་དུ་སླར་ཡང་གཞི་རྒྱ་ཆེ་བའི་ངོ་རྒོལ་ཁྲོམ་སྐོར་བྱ་དགོས་བྱུང་ཡོད། འདིའི་ཐད་ལ་ཉམས་ཞིབ་པས་ཧོང་ཀོང་གི་གཞུང་འཛིན་མི་སྣ་ཚོས་པེ་ཅིང་གི་གནོན་ཤུགས་འོག་ཏུ་ཧོང་ཀོང་ལ་རང་བཙན་གྱི་ཁྲིམས་འཛིན་ལམ་ལུགས་ཤིག་དར་ཡོད་པ་བློས་བཏང་སྟེ་རྒྱ་ནག་ལ་བསྟུན་ཐབས་བྱེད་ཀྱི་འདུག སྤྱིར་ཧོང་ཀོང་ནི་རྒྱ་ནག་སྐམ་ས་ཆེན་མོ་དང་བསྡུར་ན་རང་དབང་གི་སྒྲོན་མེ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཆོག ཡིན་ནའང་ད་ལྟ་ཧོང་ཀོང་ལ་ཆབ་སྲིད་བཙོན་པ་ཡོད་པ་དང་། ཆབ་སྲིད་བཙོན་པ་ཡོད་པའི་གནས་སྟངས་འདི་མུ་མཐུད་དུ་སྡུག་ནས་སྡུག་ཏུ་འགྲོ་བཞིན་འདུག རྒྱ་ནག་གཞུང་གིས་ཐོག་མར་ཧོང་ཀོང་ལ་རང་བཙན་གྱི་ཁྲིམས་འཛིན་མ་ལག་ཅིག་ཡོད་པ་གཏོར་རྒྱུ་དང་། འདི་ནི་ཧོང་ཀོང་གི་རང་སྐྱོང་དབང་ཆ་འཕྲོག་རྒྱུའི་འཆར་གཞིའི་གོམ་པ་དང་པོ་ཡིན། གལ་ཏེ་རྒྱ་གཞུང་ལ་ཧོང་ཀོང་གི་རང་བཙན་ཁྲིམས་འཛིན་ལམ་ལུགས་ཀྱི་བཀག་རྒྱ་མ་ཐེབས་པ་ཡིན་ན་འཆར་གཞི་འདི་ལག་ལེན་བསྟར་ནས་ཁྲིམས་གཞི་གསར་པ་ཁག་ཅིག་ལག་བསྟར་བྱེད་བདེ་ཞིང་། བཅའ་ཁྲིམས་དེ་དག་ལ་བརྟེན་ནས་ད་གཟོད་ཧོང་ཀོང་གི་ཆབ་སྲིད་རང་དབང་ལ་སྟངས་འཛིན་བྱེད་ཐུབ་ཅེས་འཁོད། ཁོང་གིས་མུ་མཐུད་དུ་བརྗོད་དོན། ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་རྒྱ་ནག་གཞུང་གིས་ཁ་དན་ཚིག་ལ་མི་གནས་པའི་སྲིད་ཇུས་ཁག་ལག་ལེན་བསྟར་པར་ཧོང་ཀོང་བ་ཚོས་ངོ་རྒོལ་ལས་འགུལ་ཐེངས་མང་སྤེལ། དེར་བརྟེན་པེ་ཅིང་གཞུང་གིས་ཧོང་ཀོང་གི་ཉེན་སྲུང་བྱ་གཞག་དང་མཐའ་མཚམས་བདེ་དོན། སློབ་གསོ་དང་འོས་འདེམས་སོགས་ཀྱི་ཁྱབ་ཁོངས་སུ་སྔར་ལས་ལྷག་པའི་ཐེ་གཏོགས་ཆེན་པོ་བྱས་ཏེ། ད་ལྟ་ཧོང་ཀོང་དུ་རྒྱ་ནག་གི་དམག་གཅིག་པུ་སྟོང་ཕྲག་༦་གཏན་སྡོད་བྱས་ཡོད་པ་སོགས་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཞིང་། ཧོང་ཀོང་ཡང་མ་འོངས་པར་བོད་ལྟ་བུ་ཞིག་ལ་འགྱུར་སྲིད་པའི་ཉེན་ཁ་ཡོད་ཅེས་དཔྱད་ཞིབ་བྱས་འདུག སྤྱིར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་མིང་ཚིག་དེ་ཧོང་ཀོང་གི་འཛིན་སྐྱོང་ལ་བེད་སྤྱོད་བྱས་ཀྱང་བོད་ལ་མཚོན་ན་ཕྱི་ལོ་༡༩༥༡་ལོར་གྲོས་མཐུན་དོན་ཚན་༡༧་ཟེར་པ་ཞིག་བཞག་ནས་བོད་ལའང་དམིགས་བསལ་གྱི་འཛིན་སྐྱོང་དབང་ཆ་ཡོད་པའི་སྲིད་བྱུས་ཤིག་བཏོན་མོད། ཡིན་ནའང་བོད་ལ་ཡིག་ཐོག་ཏུ་འཁོད་པ་ཙམ་ལས་དོན་འཁྱོལ་བྱུང་མེད། ཧོང་ཀོང་ལའང་རྒྱ་ནག་གི་རྩ་ཁྲིམས་སུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་གཏན་འབེབས་བྱས་རུང་། ད་ལྟ་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལ་བརྩི་མེད་བཏང་ནས་སྲིད་དབང་གཅིག་སྡུད་ཀྱི་སྲིད་ཇུས་ཤིག་ཧོང་ཁོང་དུ་ཁྱབ་གདལ་བཏང་སྟེ། དེང་སྐབས་ཧོང་ཀོང་གི་རང་དབང་དམངས་གཙོའི་གནས་སྟངས་སྡུག་ནས་སྡུག་ཏུ་འགྲོ་བཞིན་ཡོད་པར་ཧོང་ཀོང་མི་དམངས་ཀྱིས་བློ་འཚབ་ཆེན་པོ་བྱེད་ཅིང་། ཉེ་དུས་ཤིག་ནས་ཧོང་ཀོང་རང་བཙན་རྒྱལ་ཁབ་ཞིག་ཏུ་འགྱུར་དགོས་ཞེས་འབོད་སྒྲ་སྒྲོགས་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། །

XS
SM
MD
LG