ངོ་འཕྲད་བདེ་བའི་དྲ་འབྲེལ།

འབར་མའི་དབུ་ཁྲིད་ཨང་སན་སུ་ཇི་ནི་རྒྱལ་ཁབ་དེའི་དམངས་གཙོ་རང་དབང་འཐབ་རྩོད་ཀྱི་ཚབ་མཚོན་མི་སྣ་ཞིག་ཡིན། ཁོང་གིས་ལོ་མང་རིང་འབར་མའི་དམག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མོད། འོན་ཀྱང་ཉེ་དུས་ཤིག་ནས་འབར་མའི་དམག་གིས་ཡུལ་དེར་ལོ་མང་སྔོན་ནས་གཞིས་ཆགས་པའི་བྷང་ག་ལའི་ཁ་ཆེ་རྣམས་ཕྱིར་ཕུད་བྱས་ཏེ། ཨན་སན་སུ་ཇིས་དེ་ལ་བཀག་འགོག་གམ། ཡང་ན་བྷང་ག་ལའི་ཁ་ཆེ་ཚོ་སྐྱོབ་ཐབས་ཅི་ཡང་བྱེད་ཀྱི་མེད་པར་རྒྱལ་སྤྱིའི་ཐོག་ཏུ་ཨང་སན་སུ་ཇིར་སྤྲད་པའི་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕྱིར་བསྡུ་བྱ་དགོས། ཁོང་ལ་༡༩༩༡་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲད་པ་ནོར་འཁྲུལ་རེད་ཅེས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་འདུག ཨོ་གླིང་དང་ཨིན་རྡུ་ནེ་ཤི་ཡ་སོགས་ལ་བཅའ་སྡོད་འབར་མའི་གཞུང་ཚབ་ཁང་དེ་དག་གི་མདུན་དུ་ཁ་ཆེ་ཚོས་ཨང་སན་སུ་ཇིའི་འདྲ་པར་ལ་རྡོག་རྫི་བཏང་བ་དང་མེར་སྲེག་བཏང་ནས་ངོ་རྒོལ་སྐད་འབོད་བྱེད་ཀྱི་ཡོད་ཅིང་། སྲིད་དོན་ཉམས་ཞིབ་པ་ཚོས་འབར་མ་རྒྱལ་ཁབ་ལ་ཕྱི་ཚུལ་དུ་དམག་གི་དབང་སྒྱུར་ལམ་ལུགས་མཇུག་བསྒྲིལ་ཡོད་པ་ལྟ་བུ་ཞིག་སྣང་རུང་། ད་དུང་ཡང་ཨང་སན་སུ་ཇིར་སྲིད་དབང་ཆ་ཚང་ཞིག་ཐོབ་མེད་པ་དང་། འབར་མའི་སྲིད་དབང་ངོ་མ་རྒྱལ་ཁབ་དེའི་དམག་གིས་བཟུང་ཡོད། གལ་སྲིད་ཨང་སན་སུ་ཇིས་འབར་མའི་དམག་གི་འགོ་ཁྲིད་ཚོར་ཕོག་ཐུག་བཏང་ཚེ། རྒྱལ་ཁབ་དེའི་དམངས་གཙོའི་ལམ་སྲོལ་སླར་ཡང་མགོ་རྟིང་སློག་སྲིད་པའི་ཉེན་ཀ་ཡོད། དེར་བརྟེན་ཨང་སན་སུ་ཇིས་འབར་མའི་དམག་གིས་རོ་ཧིན་རྒྱ་ཁ་ཆེ་ཚོ་ཕྱིར་ཕུད་གཏོང་གི་ཡོད་པར་ཅི་ཡང་བཤད་ཕོད་ཀྱི་མེད་པའི་ཚོད་དཔག་བྱེད་ཀྱི་ཡོད་མོད། ཡིན་ནང་ཉམས་ཞིབ་པ་ཁག་ཅིག་གིས་འབར་མ་རྒྱལ་ཡོངས་ཀྱི་ནང་པའི་དགོན་སྡེ་ཁག་གིས་ཁ་ཆེ་ཚོར་སྡང་ཟུག་བྱས་ནས་ཕྱིར་ཕུད་བྱེད་ཀྱི་ཡོད་པ་དང་། ཨང་སན་སུ་ཇི་བཙོན་ཁང་དུ་ཡོད་པའི་སྐབས་སུ་ཁོ་མོའི་རྒྱབ་སྐྱོར་པ་གཙོ་བོ་འབར་མའི་གྲྭ་བཙུན་རྣམས་ཡིན། དེས་ན་ཨང་སན་སུ་ཇིས་འབར་མའི་དགོན་སྡེ་ཁག་ལ་ཕོག་ཐུག་གཏོང་ཐུབ་ཀྱི་མེད་པའི་འགྲེལ་བཤད་མ་འདྲ་བ་ཞིག་བརྒྱབ་ཡོད། ཡང་ཉམས་ཞིབ་པ་ཁག་ཅིག་གིས་ཨན་སན་སུ་ཇིར་སྲིད་དབང་ཐོབ་པའི་རྗེས་སུ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། མིའི་བཟང་སྤྱོད་ཀྱི་རྩ་དོན་རྣམས་རྒྱང་དུ་དོར་ནས་སྲིད་དོན་པ་ཞིག་ལ་གྱུར་ཡོད་པ་དང་། ཁོ་མོས་རང་གི་སྲིད་དབང་སྲ་བརྟན་གཏོང་བའི་ཆེད་དུ་རོ་ཧིན་རྒྱ་ཁ་ཆེ་ཚོ་འབར་མ་ནས་ཕྱིར་ཕུད་བཏང་རུང་དེ་ལ་བཀག་འགོག་བྱེད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལོ་ན་ཆུང་ཤོས་ཏེ། པ་ཀི་སི་ཐན་བ་མ་ལཱ་ལཱ་ཡུ་སེབ་ཀྱིས་ཨང་སན་སུ་ཇིས་འབར་མའི་ཁ་ཆེ་ཚོ་སྐྱོབ་ཀྱི་མེད་པ་ཐབས་རྡུགས་རེད་ཅེས་སྐྱོན་བརྗོད་བྱས་པ་དང་། འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲོད་ཕྱོགས་སུ་རྩོད་གླེང་བྱུང་བ་ཐེངས་འདི་གཅིག་པུ་མིན། སྔོན་ཆད་རྒྱལ་སྤྱིའི་ལས་འགུལ་བ་ཚོས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧན་རི་ཀི་སན་ཇར་དང་ཨ་རིའི་སྲིད་འཛིན་ཟུར་པ་བྷ་རཀ་ཨོ་བྷ་མ་གཉིས་ལའང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲད་པ་ནོར་འཁྲུལ་རེད། ཁོ་ཚོས་ནོ་བྷེལ་ཞི་བདེའི་རྟགས་ཀྱི་དགོངས་དོན་ལྟར་འཛམ་གླིང་འདིར་ཞི་བདེའི་ལས་དོན་གང་ཡང་བསྒྲུབས་མེད་ཅེས་སྐྱོན་བརྗོད་བྱས་ཡོད། ༡༩༩༤་ལོར་ཨི་སི་རལ་གྱི་སྲིད་བློན་དབྱི་ཛཀ་ར་བྷིན་དང་སྐབས་དེའི་ཕྱི་སྲིད་བློན་ཆེན་ཤི་མོན་ཕེ་རི་སི། པ་ལི་སི་ཐན་གྱི་གཙོ་འཛིན་ཡ་ས་ཨ་ར་ཧྥ་ཐེ་བཅས་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཀྱང་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་མི་ཞིག་གིས་ཨ་ར་ཧྥ་ཐེ་འཇིགས་སྐུལ་རིང་ལུགས་པ་ཞིག་རེད་ཅེས་ངོ་རྒོལ་བྱས་ཡོད། ད་ལྟ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་ཚོས་ཨན་སན་སུ་ཇིའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕྱིར་བསྡུ་བྱ་དགོས་ཞེས་ལས་འགུལ་སྤེལ་གྱི་ཡོད་རུང་། ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་ཞི་བདེའི་གཟེངས་རྟགས་སྤྲད་ཚར་པའི་རྗེས་ལ་ཕྱིར་བསྡུ་བྱེད་སྲོལ་མེད། ང་ཚོས་དུས་སྐབས་སོ་སོར་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སུ་ལ་སྤྲོད་དགོས་མིན་ཐག་གཅོད་བྱེད་བཞིན་ཡོད། ཐག་གཅོད་བྱས་ཚར་པའི་རྗེས་སུ་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གི་ལས་འགན་གྲུབ་པ་དང་། ང་ཚོས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲོད་ཡུལ་བདམས་པའི་མི་རྣམས་སྐྱོན་ཆ་མེད་པའི་སངས་རྒྱས་རྐྱང་རྐྱང་མིན་ཞེས་ལན་འདེབས་བྱས་འདུག ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་མི་རྣམས་ནོར་ཝེ་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཚོས་འདེམས་བསྐོ་བྱས་ཏེ། ཁོ་ཚོས་ལོ་ལྟར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སུ་ལ་སྤྲོད་དགོས་མིན་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG