ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཨ་རིའི་ནང་མི་རིགས་འཐེན་འཁྱེར་གྱི་དྲག་ཟིང་བྱུང་བར་རྒྱལ་ཚོགས་ཀྱི་མི་སྣས་སྐྱོན་བརྗོད།


དེང་སྐབས་ཨ་མི་རི་ཀའི་ནང་ མི་རིགས་འཐེན་འཁྱེར་དང་ ཕྱི་མི་ལ་སྡང་འཛིན་སོགས་དང་འབྲེལ་བའི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་པའི་ཐད་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་ཀྱིས་སྐྱོན་བརྗོད་བྱས་ཏེ་ ཨ་མི་རི་ཀའི་ཆབ་སྲིད་ཀྱི་འགོ་ཁྲིད་རིམ་པས་གནས་ཚུལ་དེ་ཚོའི་ཐད་ཞིབ་དཔྱོད་མཐིལ་ཕྱིན་པ་བྱས་ཏེ་ ཉེས་འགན་ཡོད་མཁན་རྣམས་ཁྲིམས་ལ་སྦྱར་དགོས་པའི་འབོད་བསྐུལ་ནན་པོ་གནང་ཡོད་པ་རེད་ དེ་ཡང་ རེས་གཟའ་སྤེན་པའི་ཉིན་ ཨ་མི་རི་ཀའི་མངའ་སྡེ་ཝིར་ཇི་ནི་ཡེའི་གྲོང་ཁྱེར་ཤཱར་ལོཊ་སི་ཝིལ་གྱི་ནང་ མི་རིགས་དཀར་པོ་མཆོག་འཛིན་གྱི་ལྟ་སྤྱོད་འཛིན་མཁན་དང་ ནཱ་ཛི་གསར་མའི་རུ་ཚོགས་སོགས་གཡས་ཤོག་རུ་ཚོགས་ཁག་གིས་ མི་རིགས་འཐེན་འཁྱེར་གྱི་ཀུན་ལས་སླངས་པའི་འདུ་འཛོམས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དེ་ལ་ ཁ་གཏད་ངོ་རྒོལ་བྱེད་མཁན་མི་ཚོགས་ཀྱི་ཁྲོད་དུ་ མི་རིགས་དཀར་པོ་མཆོག་འཛིན་པ་གཅིག་གིས་མོ་ཏྲ་བཏང་སྟེ་བུད་མེད་གཅིག་བསད་པ་དང་ མང་པོར་རྨས་སྐྱོན་བྱུང་བ་སོགས་དྲག་སྤྱོད་ཀྱི་གནས་ཚུལ་ཚབས་ཆེན་ཞིག་བྱུང་ཡོད་པ་རེད་ སྲིད་འཛིན་ཌཱོ་ནལྜ་ ཊི་རམ་གྱིས་དྲག་སྤྱོད་ཀྱི་དོན་རྐྱེན་དེའི་ཉེ་འགན་ཕྱོགས་གཉིས་ཀར་ཡོད་ཚུལ་གྱི་གཏམ་བཤད་སྔ་རྗེས་སུ་བྱས་པར་ ཕྱོགས་ཡོངས་ནས་སྐྱོན་བརྗོད་དྲག་པོ་བྱས་ཏེ་ ད་རེས་ཀྱི་དོན་རྐྱེན་དེའི་ཉེས་འགན་ངོ་མ་ མི་རིགས་འཐེན་འཁྱེར་གྱི་ལྟ་སྤྱོད་འཛིན་མཁན་དེ་དག་ལ་ཡོད་པས་ སྲིད་འཛིན་གྱིས་ངེས་པར་དུ་དེ་དག་གི་མིང་བཏོན་ཏེ་འཐེར་འདོན་བྱེད་དགོས་པ་ཡིན་ཞེས་ ཕྱོགས་ཡོངས་ནས་སྐྱོན་བརྗོད་ཆེན་པོ་བྱུང་ཡོད་པ་མ་ཟད་ སྲིད་འཛིན་གྱིས་འགྲེལ་བརྗོད་བྱེད་སྟངས་དེ་ལ་ངོ་རྒོལ་གྱི་རྣམ་འགྱུར་མཚོན་ཆེད་དུ་ སྲིད་འཛིན་གྱི་དཔལ་འབྱོར་ཐབས་བྱུས་འདྲི་ཡུལ་ཚོགས་ཆུང་གི་ཚོགས་མི་མང་པོ་ཞིག་དགོངས་ཞུ་བྱས་པའི་གནས་ཚུལ་ཡང་བྱུང་ཡོད།

XS
SM
MD
LG