ངོ་འཕྲད་བདེ་བའི་དྲ་འབྲེལ།


༄༅།།འདས་པའི་ཟླ་བ་གཉིས་མ་ཟིན་ཙམ་ལ་བོད་ཀྱི་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ཏུ་རྒྱ་དཀར་ནག་གི་དམག་དཔུང་འགྲེམ་འཇོག་བྱས་ནས་དམག་འཁྲུག་གི་ཉེན་ཀ་བྱུང་ཞིང་། རྒྱ་གར་གཞུང་གིས་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ཏུ་བཀྲམ་ཡོད་པའི་རྒྱ་དཀར་ནག་གི་དམག་དཔུང་རྣམས་དུས་མཉམ་དུ་ཕྱིར་འཐེན་བྱ་དགོས་ཞེས་གྲོས་གཞི་བཏོན། པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་ལ་མཚོན་ན་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་སུ་བཀྲམ་ཡོད་པའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་གདམ་ཀ་ཞིག་མིན། གལ་སྲིད་རྒྱ་གར་བ་རྣམས་མུ་མཐུད་དུ་ལམ་ཕྱོགས་ནོར་པ་དེར་མདུན་སྐྱོད་བྱེད་ཚེ། རྒྱ་ནག་ལ་རང་གི་མཐའ་མཚམས་སྲུང་དམག་གི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པར་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ལག་ལེན་ཅི་ཞིག་ཡིན་རུང་བསྟར་ཆོག་པའི་ཐོབ་ཐང་ཡོད། རྒྱ་གར་གཞུང་གིས་ཛ་དྲག་གནས་སྟངས་དེར་སྟངས་འཛིན་བྱེད་ཐུབ་པའི་བརྡ་གཏོང་གི་ཡོད་པ་མཚམས་འཇོག་བྱ་དགོས། འབྲོག་ལམ་ས་ཁུལ་གྱི་ཛ་དྲག་ནི་དམག་འཁྲུག་ལ་འགྱུར་སྲིད་པའི་གནས་སུ་ལྷུང་ཡོད། ང་ཚོས་རྒྱ་གར་ལ་འགྲེལ་བཤད་གསལ་བོ་བརྒྱབ་ཡོད། འབྲོག་ལམ་ས་ཁུལ་ནི་རྒྱ་གར་གྱི་མངའ་ཁོངས་མིན། རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་གྱུར་དང་བདག་དབང་ལ་རྒྱ་གར་གྱིས་རྩིས་མེད་གཏོང་བཞིན་ཡོད། རྒྱ་གར་གྱི་དམག་རྣམས་ང་ཚོའི་ས་ཐོག་ཏུ་འགྲེམ་འཇོག་བྱས་ཡོད་པའི་གནས་སྟངས་འོག་ཏུ་ཞི་བའི་གྲོས་མོལ་ཞིག་ནམ་ཡང་ཡོང་ཐབས་མེད་ཅེས་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཝང་ཝེན་ལིས་རྒྱ་གར་གྱི་གསར་འགོད་པ་ཚོར་བཤད་འདུག ཝང་ཝེན་ལི་ནི་རྒྱ་ནག་གི་མཐའ་མཚམས་དང་མཚོ་ཁོངས་བདག་སྐྱོང་ལྷན་ཁང་གི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཞིག་ཡིན་ཞིང་། ཁོ་མོས་འབྲོག་ལམ་ས་ཁུལ་གྱི་ཛ་དྲག་དེ་ཉིད་ཞི་འཇམ་གཏོང་བའི་ཐབས་ལམ་འབའ་ཞིག་ནི་རྒྱ་གར་གྱི་དམག་རྣམས་རང་ཕྱོགས་ལ་ཕྱིར་འཐེན་བྱ་དགོས། རྒྱ་ནག་ལ་མཚོན་ན་དམག་འཁྲུག་ཀྱང་གདམ་ཀ་ཞིག་ཡིན། སྔོན་ཆད་ཆུ་དམར་སོགས་ས་མཚམས་ཁག་འགའ་ཞིག་ཏུ་རྒྱ་དཀར་ནག་གཉིས་ཐུག་གྲབས་བྱས་མྱོང་ཡོད། ཡིན་ནའང་དེ་དང་དེའི་སྐབས་སུ་རྒྱ་ནག་གིས་མཐའ་མཚམས་ཀྱི་ཛ་དྲག་ཇི་ལྟར་ཐག་གཅོད་བྱ་དགོས་པའི་ལངས་ཕྱོགས་མཚོན་པའི་ཡིག་ཆ་ཞིག་བཀྲམ་མྱོང་མེད་ཅེས་བཤད། ཕྱི་ཟླ་༨་ཚེས་༢་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་འབྲོག་ལམ་ས་ཁུལ་ལ་འབྲེལ་བ་ཡོད་པའི་ཡིག་ཆ་ཤོག་གྲངས་བཅོ་ལྔ་ཅན་ཞིག་བཀྲམ། ཝང་ཝེན་ལིས་རྒྱ་ནག་མི་དམངས་ཀྱིས་ཀྱང་འབྲོག་ལམ་ས་ཁུལ་གྱི་གནད་དོན་ལ་གཟབ་ནན་གྱི་སྒོ་ནས་དོ་སྣང་བྱེད་བཞིན་ཡོད། འབྲོག་ལམ་ས་ཁུལ་གྱི་ཛ་དྲག་མྱུར་དུ་ཐག་གཅོད་བྱ་དགོས་ཞེས་རྒྱ་ནག་མི་དམངས་ཀྱིས་གནོན་ཤུགས་སྤྲོད་ཀྱི་ཡོད་ཅེས་བཤད། ཉེ་བའི་བདུན་ཕྲག་རེ་ཟུང་ཞིག་ནས་རྒྱ་ནག་ཕྱི་སྲིད་ལྷན་ཁང་དང་གོ་ལའི་དུས་བབ་ཚགས་པར། རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་དང་ལྡི་ལི་གསར་པར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཁང་། ཞིན་ཧྭ་གསར་འགྱུར་ལས་ཁང་བཅས་ཀྱིས་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་མི་དམངས་རྣམས་དམིགས་འབེན་དུ་བཟུང་སྟེ། བོད་ཀྱི་འབྲོག་ལམ་ས་ཁུལ་ལ་རྒྱ་གར་གྱི་དམག་བཀྲམ་ནས་རྒྱ་ནག་ལ་བཙན་འཛུལ་བྱེད་ཀྱི་ཡོད་ཚུལ་དང་། བོད་ཀྱི་འབྲོག་ལམ་ས་ཁུལ་ལ་ཛ་དྲག་ལངས་དགོས་པའི་འགག་རྩ་རྒྱ་གར་ལ་ཐུག་ཡོད། རྒྱ་དཀར་ནག་གི་འཐབ་རྩོད་འདིའི་སྐབས་སུ་རྒྱ་ནག་ཕམ་གྱོང་ཁུར་མཁན་ཡིན་པའི་རྣམ་པ་བསྟན། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་རང་གི་མི་དམངས་ལ་རྒྱ་གར་གྱིས་བཙན་འཛུལ་བྱེད་ཀྱི་ཡོད་པའི་དྲིལ་བསྒྲགས་དང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་ལ་བདེན་པ་ཡོད་ཅེས་རྒྱལ་སྤྱིའི་ཐོག་ཏུ་བསྒྲགས། ད་ལོ་རྒྱ་ནག་གིས་བོད་ཀྱི་འབྲོག་ལམ་ས་ཁུལ་དུ་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུ་འགོ་ཚུགས་ནས་འཁྲུག་རྩོད་ལངས། ཕྱི་ཟླ་༦་ཚེས་༣༠་ཉིན་འབྲུག་ཡུལ་གྱི་མཐའ་མཚམས་སྲུང་དམག་གིས་རྒྱ་ནག་ལ་ཕྱོགས་གཉིས་ཀྱི་རྩོད་གཞི་ཅན་གྱི་ས་ཁུལ་དེར་རྒྱ་ལམ་འཛུགས་སྐྲུན་བྱས་ན་དགེ་མཚན་མེད་ཅེས་བཀག རྒྱ་གར་དང་འབྲུག་ཡུལ་གཉིས་ཀྱིས་སྲུང་སྐྱོབ་མཉམ་འབྲེལ་གྱི་ཆིངས་ཡིག་བཞག་སྟེ་འབྲུག་ཡུལ་གྱི་བདེ་འཇགས་ལ་རྒྱ་གར་གྱིས་སྲུང་སྐྱོབ་བྱ་རྒྱུ་དང་། འབྲུག་ཡུལ་གྱི་ཕྱི་སྲིད་ལ་རྒྱ་གར་གྱིས་ཐེ་གཏོགས་བྱ་ཆོག་པའི་གྲོས་མཐུན་བྱུང་ཡོད། དེར་བརྟེན་འབྲུག་ཡུལ་གྱིས་ཆིངས་ཡིག་གི་དགོངས་དོན་ལྟར་རྒྱ་གར་ལ་སྲུང་སྐྱོབ་བྱེད་དུ་ཤོག་ཅེས་འབོད་སྐུལ་ཞུས། དེ་ནས་རྒྱ་གར་གྱིས་འཕྲལ་དུ་འབྲས་ལྗོངས་དང་འབྲུག་ཡུལ། འབྲོག་ལམ་ས་ཁུལ་བཅས་ཕྱོགས་གསུམ་གྱི་འདྲེས་མཚམས་སུ་དམག་བཀྲམ། རྒྱ་ནག་གིས་བོད་མཐོ་སྒང་དུ་དམག་སྦྱོང་བྱས་ནས་རྒྱ་གར་ལ་གཏོར་རྒོལ་བྱ་རྒྱུའི་སྡིགས་ར་བསྐུལ་ཡོད་པ་མ་ཟད། རྒྱ་གར་གྱི་དམག་རྣམས་འབྲུག་ཡུལ་གྱི་འབོད་སྐུལ་མ་ཞུས་པར་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ལ་བཀྲམ་སོང་། འབྲུག་པའི་ཕྱི་འབྲེལ་མི་སྣ་ཁག་གིས་ང་ཚོས་རྒྱ་གར་ལ་འབྲུག་པའི་མཐའ་མཚམས་སྲུང་སྐྱོབ་བྱེད་དུ་ཡོང་དགོས་པའི་འབོད་སྐུལ་ཞུས་མེད་ཅེས་རྒྱ་ནག་ལ་འགྲེལ་བཤད་བརྒྱབ་ཡོད་ཚུལ་དང་། རྒྱ་ནག་གཞུང་གིས་ང་ཚོས་འབྲུག་ཡུལ་ལ་ས་མཚམས་གྲོས་མོལ་ཐེངས་༢༤་བྱས་ནས་ཕྱོགས་གཉིས་ཀྱི་ས་མཚམས་རྩོད་གཞི་ཁག་ཐག་ཆོད་གྲབས་ཡོད། ཡིན་ནའང་རྒྱ་གར་གྱིས་འབྲུག་དང་རྒྱ་ནག་གི་ས་མཚམས་རྩོད་གཞི་ལ་ཐེ་གཏོགས་བྱས་ནས་གང་ཅིའི་ཐད་དུ་ཛ་དྲག་བསླངས་སོང་ཞེས་སྐྱོན་བརྗོད་བྱས་འདུག

XS
SM
MD
LG