ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ལིའུ་ཤ་གར་སོང་ཆ་མེད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་དང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིའུ་ཞའོ་པོ་འདས་གྲོངས་སུ་གྱུར་ནས་བདུན་ཕྲག་འགའ་ཤས་ལས་སོང་མེད་རུང་འདས་པོ་དེའི་བཟའ་ཟླ་ལིའུ་ཤ་གར་སོང་ཆ་མེད་དུ་གྱུར། རྒྱ་ནག་གཞུང་གིས་ལིའུ་ཤ་གང་དུ་བཀག་ཉར་བྱེད་ཡོད་མེད་ཀྱི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱེད་ཀྱི་མེད་ཅིང་། ཡུ་རོབ་རྒྱལ་ཁབ་འཇར་མན་ཎིའི་གཞུང་གིས་ལིའུ་ཤ་བདེ་ཐང་ཡིན་མིན་དང་། ད་ལྟ་ཁོ་མོ་གང་དུ་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པར་བློ་འཚབ་ཡོད་ཅེས་གསར་འགོད་གསལ་བསྒྲས་སྤེལ་འདུག བདུན་ཕྲན་འདིར་པེ་ཅིང་དུ་བཅའ་སྡོད་དབྱིན་ཇིའི་གསར་འགོད་པ་ཁག་ཅིག་ལིའུ་ཤ་འདུག་སའི་ཁང་པའི་ཉེ་འཁོར་དུ་སོང་སྟེ། རྒྱ་ནག་གི་ཉེན་རྟོག་པ་ཚོས་གསར་འགོད་པ་དང་པར་པ་གཉིས་ལ་རྡུང་རྡེག་གཏོང་གྲབས་པར་ཆས་གཅོག་གྲབས། གསར་འགོད་པར་བཙན་དྲག་བསྐུལ་ནས་ལིའུ་ཤ་རྩད་གཅོད་བྱེད་དུ་བཅུག་མེད། ལིའུ་ཞའོ་པོ་བཙོན་ཁང་དུ་བཅུག་པའི་རིང་དེར་རྒྱ་ནག་གཞུང་གིས་ལིའུ་ཤ་ཡང་རང་ཁྱིམ་ལ་བཟང་དུ་བཅུག རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ཐོག་མཐའ་བར་གསུམ་དུ་ལིའུ་ཞའོ་པོ་དང་ལིའུ་ཤ་གཉིས་ལ་ཕྱི་རྒྱལ་གྱི་གསར་འགོད་པ་དང་སྐྱེ་བོ་སྒེར་པ། ཕྱི་རྒྱལ་གྱི་སྲིད་གཞུང་ཁག་གིས་ཐེ་གཏོགས་བྱ་དགོས་དོན་མེད། ལིའུ་ཞའོ་པོ་བཟའ་ཚང་གཉིས་ཀྱི་བདེ་སྡུག་ཅི་ཡིན་ལ་ཕྱི་རྒྱལ་བ་ཚོ་འབྲེལ་བ་མེད། ལིའུ་ཤ་རྒྱ་ནག་གི་སྤྱི་དམངས་ཤིག་ཡིན། ཁོ་མོའི་བདེ་སྡུག་དང་བདེ་འཇགས་བཅས་ལ་རྒྱ་ནག་གི་འབྲེལ་ཡོད་ཚན་པ་ཁག་གིས་ལྟ་རྟོག་བྱེད་བཞིན་ཡོད། རྒྱལ་ཁབ་གང་ཞིག་གིས་ཐབས་ལམ་ཅི་ཞིག་བརྒྱུད་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་ན་ང་ཚོས་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་དགག་པ་བརྒྱབ། རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་གསར་འགོད་ལྷན་ཚོགས་ཤིག་ཏུ་ལིའུ་ཤའི་སྤུན་མཆེད་ཀྱིས་བརྗོད་དོན། ཞིའུ་ཞའོ་པོ་འདས་གྲོངས་སུ་གྱུར་པའི་རྗེས་སུ་ལིའུ་ཤ་གཟུགས་སྟོབས་ཉམས་སོང་། དེང་སྐབས་ཁོ་མོ་ལུས་པོ་བདེ་ཐང་མེད་པར་མང་ཚོགས་ཀྱི་མདུན་དུ་འཐོན་ཐུབ་ཀྱི་མི་འདུག་ཅེས་བཤད། ལིའུ་ཤ་གང་དུ་ཡོད་མེད་དང་འགྲོ་སྐྱོད་རང་དབང་ཡོད་མེད་སོགས་ཅི་ཡང་བཤད་མེད་པ་དེ་ལ་བལྟས་ཚེ། རྒྱ་ནག་གཞུང་གིས་ལྐོག་ཏུ་ལིའུ་ཤ་ཕྱི་ལ་འཐོན་མི་ཆོག་པ་དང་གསར་འགོད་པ་ཚོར་སྐད་ཆ་བཤད་མི་ཆོག་པའི་བཀག་སྡོམ་བྱེད་བཞིན་འདུག་ཅེས་ཉམས་ཞིབ་པ་ཚོས་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ལིའུ་ཞའོ་པོ་སྨན་ཁང་དུ་མ་འཁྱེར་གོང་དུ་ལིའུ་ཤས་པེ་ཅིང་བཅའ་སྡོད་འཇར་མན་གཞུང་ཚབ་ཁང་ལ་ཁ་པར་བཏང་སྟེ། ཁོ་ཚོ་འཇར་མན་ཎིར་འགྲོ་འདོད་ཆེན་པོ་ཡོད་ཅེས་རེ་བ་བཏོན། ཟླ་བ་འདིའི་མགོ་སྟོད་དུ་འཇར་མན་ཎིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གཞུང་ལ་ལིའུ་ཤ་དང་ཁོ་མོའི་སྤུན་མཆེད་གཉིས་ཕྱི་རྒྱལ་ལ་ཡོང་དུ་འཇུག་དགོས་ཞེས་འབོད་སྐུལ་ཞུས་ཀྱང་ད་སྔ་རྒྱ་ནག་གཞུང་གིས་འཇར་མན་ཎིའི་འབོད་སྐུལ་ལ་ཉན་འཇོག་བྱས་མེད། ལིའུ་ཞའོ་པོ་ཐོག་མར་༡༩༨༩་ལོར་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པ་མ་ཟད། ༢༠༠༨་ལོར་ལིའུ་ཞའོ་པོས་འགོ་ཁྲིད་ནས་རྒྱ་ནག་གི་ཤེས་ཡོན་ཅན་ཚོས་༢༠༠༨་ཀྱི་རྩ་ཚིག་ཅེས་པའི་བཅའ་ཁྲིམས་གསར་པ་ཞིག་བྲིས། བཅའ་ཁྲིམས་ཟིན་བྲིས་དེར་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་སྒྱུར་བཅོས་གཏོང་དགོས། རྒྱ་ནག་ལ་དམར་ཤོག་ཚོགས་པ་གཅིག་གིས་དབང་སྒྱུར་བྱེད་པའི་ཆབ་སྲིད་ལམ་ལུགས་ཤིག་དར་ཡོད་པ་མཇུག་བསྒྲིལ་དགོས། རྒྱ་ནག་གི་འགོ་ཁྲིད་ཚོ་མི་དམངས་ལ་ཐད་ཀར་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་དགོས། རྒྱ་ནག་མི་དམངས་ལ་གཏམ་བརྗོད་རང་དབང་དང་གསར་འགོད་རང་དབང་། འདུ་འཛོམ་རང་དབང་དང་ཆོས་དད་རང་དབང་བཅས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྣམས་སྤྲོད་དགོས་ཞེས་བཀོད། དེར་བརྟེན་རྒྱ་ནག་གཞུང་གིས་༢༠༠༩་ལོར་ལིའུ་ཞའོ་པོ་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་བཙུགས་ནས་ལོ་༡༡་གི་བཙོན་འཇུག་ཁྲིམས་ཐག་བཅད། ༢༠༡༠་ལོར་ལིའུ་ཞའོ་པོ་ལ་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ། ཟླ་བ་སྔོན་མར་རྒྱ་ནག་གཞུང་གིས་ལིའུ་ཞའོ་པོ་ལ་བཅོས་ཐབས་མེད་པའི་མཆིན་པའི་སྐྲན་ནད་ཕོག་འདུག་ཅེས་ཧྲེན་དབྱང་སྨན་ཁང་དུ་སྨན་བཅོས་བྱེད་འགོ་ཚུགས་རུང་། དེ་ནས་བདུན་ཕྲག་འགའ་ཞིག་གི་རྗེས་སུ་ལིའུ་ཞའོ་པོ་ལ་སྨན་བཅོས་སོགས་ཀྱིས་དྲག་སྐྱེད་མ་བྱུང་བར་འདས་གྲོངས་སུ་གྱུར། རྒྱལ་སྤྱིའི་ཐོག་ཏུ་ལིའུ་ཞའོ་པོ་ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་གཏོང་དགོས་ཞེས་འབོད་སྐུལ་ཞུས་པ་ཁག་ལ་རྒྱ་ནག་གཞུང་གིས་མོས་མཐུན་བྱས་མེད་དོ།།

XS
SM
MD
LG