ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བསྟན་འཛིན་པདྨ་དང་ཨོ་ལིམ་ཕིཀ


༄༅།། བོད་པའི་བུ་མོ་ཞིག་འབྱུང་འགྱུར་འཚོགས་འཆར་ཡོད་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་རྒྱ་གར་གྱི་ཨོ་རྩལ་རུ་ཁག་ཁོངས་སུ་མཉམ་ཞུགས་བྱ་འཆར་ཡོད་ཅིང་། བུ་མོ་རང་ཉིད་དང་བོད་རྒྱལ་ཡོངས་རྩེད་རིགས་ལྷན་ཚོགས་བཅས་ཀྱིས་ཀྱང་དེ་ལ་རེ་བ་ཆེན་པོ་འཆང་འདུག

བུ་མོ་དེའི་མིང་ལ་བསྟན་འཛིན་པདྨ་ཟེར་ཞིང་། ད་ལྟའི་ཆར་ཁོ་མོས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དམིགས་བསལ་དགེ་རྒན་གྱི་ཟབ་ཁྲིད་འོག་ཏུ་དྲག་རྩལ་སྦྱོང་བརྡར་དང་། གང་མགྱོགས་རྒྱ་གར་གྱི་དྲག་རྩལ་འགྲན་སྡུར་ཞིག་ལ་མཉམ་ཞུགས་བྱ་རྩིས་ཡོད་འདུག འགྲན་སྡུར་འདི་ནི་བསྟན་འཛིན་པདྨ་རྒྱ་གར་གྱི་ཨོ་རྩལ་རུ་ཁག་ཁོངས་སུ་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་མཉམ་ཞུགས་བྱ་ཐུབ་མིན་དང་འབྲེལ་བ་ཆེན་པོ་ཡོད།

བོད་རྒྱལ་ཡོངས་ལུས་རྩལ་ཚོགས་པའི་འགན་འཛིན་པ་སངས་རྡོ་རྗེ།
བོད་རྒྱལ་ཡོངས་ལུས་རྩལ་ཚོགས་པའི་འགན་འཛིན་པ་སངས་རྡོ་རྗེ།

བོད་རྒྱལ་ཡོངས་ལུས་རྩལ་ཚོགས་པས་བསྟན་འཛིན་པདྨའི་ཆེད་དུ་དྲ་རྒྱའི་བརྒྱུད་ལམ་དུ་ཞལ་འདེབས་འདུ་འགོད་ཀྱི་ལས་འགུལ་ཞིག་སྤེལ་ཏེ་ཞལ་འདེབས་ཨ་སྒོར་སྟོང་ཕྲག་ལྔ་ཙམ་བསྡུ་ཐུབ་པའི་འབད་བརྩོན་བྱེད་བཞིན་འདུག བོད་རྒྱལ་ཡོངས་ལུས་རྩལ་ཚོགས་པའི་འགན་འཛིན་པ་སངས་རྡོ་རྗེས་བརྗོད་དོན། ད་ལྟའི་ཆར་བསྟན་འཛིན་པདྨ་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དམིགས་བསལ་གྱི་གཞུང་འབྲེལ་དྲག་རྩལ་དགེ་རྒན་ལ་བསྟེན་ནས་དངོས་སུ་སྦྱོང་བརྡར་བྱེད་བཞིན་ཡོད་པ་མ་ཟད། ད་དུང་དེའི་ཞོར་དུ་སྦྱོང་བརྡར་སྣ་མང་ཞིག་འཐོབ་ཐུབ་རྒྱུ་དང་། ལུས་རྩལ་བ་ཞིག་ལ་མཚོན་ན་གཟུགས་གཞིའི་འཕྲོད་བསྟེན་དང་འབྲེལ་བའི་འཚོ་བའི་གནས་ཚད་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་འགངས་ཆེ་བ་བཅས་ཀྱི་ཕྱིར་དུ་ཞལ་འདེབས་མ་དངུལ་བསྡུ་བཞིན་ཡོད། གནས་སྟངས་མང་པོའི་འོག་ཏུ་འཛམ་གླིང་གི་ས་ཆ་གང་སར་གནས་པའི་བོད་པ་ཚོས་རྒྱལ་ཁབ་གཞན་གྱི་ཨོ་རྩལ་རུ་ཁག་ཁོངས་སུ་རྩེད་རིགས་འགྲན་སྡུར་སོགས་ཀྱི་ཆ་ཤས་ལེན་དགོས་པ་འབྱུང་བཞིན་ཡོད། རྩེད་རིགས་འགྲན་སྡུར་གྱི་སྟེགས་བུ་འདི་རྒྱུ་རྐྱེན་མང་པོའི་ཐོག་ཏུ་བོད་ལ་གལ་གནད་ཆེན་པོར་གྱུར་ཡོད་པས་བོད་པ་སུ་ཞིག་རྩེད་རིགས་དང་འབྲེལ་བའི་ལུས་རྩལ་བར་འགྱུར་འདོད་ཡོད་པ་ཚོར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་དོ་སྣང་དང་རྒྱབ་སྐྱོར་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་ཅེས་བཤད་བྱུང་།

བསྟན་འཛིན་པདྨ་ནི་སྣ་མང་དྲག་རྩལ་གྱི་ལུས་རྩལ་བ་ཞིག་ཡིན་པ་སྟེ། ཁོ་མོའི་དྲག་རྩལ་གཙོ་བོ་ཁུ་ཚུར་དང་འཇུ་རེས་སོགས་ཡིན། ད་སྔ་བསྟན་འཛིན་པདྨ་རྒྱ་གར་རྒྱལ་ཡོངས་སུ་ཁུ་ཚུར་བཞུ་རེས་སོགས་ཀྱི་དྲག་རྩལ་འགྲན་སྡུར་ཐེངས་བཅུ་བཞི་ཙམ་ལ་མཉམ་ཞུགས་ཀྱིས་ཨང་དང་པོ་དང་གཉིས་པ། ཨང་གསུམ་པ་བཅས་ཀྱི་བྱ་དགའ་ཐོབ་འདུག དེང་སྐབས་ལྡི་ལིའི་དྲག་རྩལ་ལུས་རྩལ་བའི་ཚབ་དང་། གཞན་ཡང་མི་རིང་བར་རྒྱལ་ཡོངས་ལུས་རྩལ་བའི་ཁོངས་སུ་མཉམ་ཞུགས་བྱ་བར་འབད་བརྩོན་གྱིས་༢༠༢༠་ལོར་ཉི་ཧོང་དུ་འཚོགས་འཆར་ཡོད་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་རྒྱ་གར་རྒྱལ་ཡོངས་ཀྱི་ཨོ་རྩལ་རུ་ཁག་ཁོངས་སུ་མཉམ་ཞུགས་བྱ་ཐུབ་པའི་རེ་བ་འཆང་བཞིན་འདུག

སྤྱི་ལོ་༢༠༡༧་ལོར་དབྱར་ཀའི་ཐེ་ཝན་ཌི་དྲག་རྩལ་རྩེད་རིགས་དུས་སྟོན་ལ་རྒྱལ་ཁབ་༥༦་ལྷག་འཛུལ་ཞུགས་བྱས་པ་དེའི་གྲས་སུ་བསྟན་འཛིན་པདྨ་ཡང་རྒྱ་གར་གྱི་ཚབ་ཏུ་འགྲན་སྡུར་ལ་ཞུགས་ནས་ཨང་གསུམ་པ་ལིའི་རྟགས་མ་ཐོབ། གཞན་ཡང་སྤྱི་ལོ་༢༠༡༦་ལོར་རྒྱ་གར་རྒྱལ་ཡོངས་བུད་མེད་དྲག་རྩལ་སྣ་མང་གི་ལུས་རྩལ་འགྲན་སྡུར་སྐབས་ཀྱང་ལིའི་རྟགས་མ་ཐོབ་ཡོད། བསྟན་འཛིན་པདྨས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་མ་འོངས་པར་མུ་མཐུད་དུ་བོད་པའི་ངོ་གདོང་བསྟན་ནས་གསེར་གྱི་རྟགས་མ་ལེན་པར་འབད་བརྩོན་བྱ་རྒྱུ་ཡིན་པ་བརྗོད་འདུག

བསྟན་འཛིན་པདྨ་སྤྱི་ལོ་༢༠༢༠་ལོའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་ཁོངས་སུ་མཉམ་ཞུགས་བྱ་ཐུབ་རྒྱུ་ཡིན་མིན་བཤད་དཀའ། བོད་རྒྱལ་ཡོངས་ལུས་རྩལ་ཚོགས་པ་དང་བསྟན་འཛིན་པདྨ་རང་ཉིད། ཡང་ཁོང་གི་དགེ་རྒན་བཅས་ཀྱིས་ཕུགས་བསམ་དེ་མངོན་དུ་འགྱུར་རྒྱུ་དང་རེ་བ་རྣམས་ལེགས་འགྲུབ་ཡོང་བར་ནུས་པ་ཆེན་པོ་འདོན་པ་དང་རེ་ལྟོས་ཆེན་པོ་འཆང་བཞིན་འདུག

སྤྱིར་བོད་པ་ཚོས་རྒྱལ་ཁབ་སོ་སོའི་ནང་དུ་རང་གི་རྒྱལ་ཁབ་ཀྱི་མཚན་གནས་འཁྱེར་ཏེ་རྒྱལ་སྤྱིའི་ཨོ་ལིག་ཕིཀ་དང་ལུས་རྩལ་འགྲན་སྡུར་སྣ་མང་ལ་མཉམ་ཞུགས་བྱ་ཐུབ་རྒྱུ་ཁག་པོ་ཡིན་རུང་། བོད་པའི་ངོ་གདོང་དང་བོད་པའི་མཚན་གནས་འཁྱེར་ནས་རྒྱལ་ཁབ་གཞན་གྱི་རུ་ཁག་ཁོངས་སུ་རྩེད་འགྲན་ལ་མཉམ་ཞུགས་པ་སྐད་གྲགས་ཅན་མི་ཉུང་བ་ཞིག་འབྱུང་གི་ཡོད་པ་སྟེ། དཔེར་ན་འདུར་རྒྱུགས་འགྲན་སྡུར་པ་བོད་པའི་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་རྒྱ་ནག་གི་རུ་ཁག་ཁོངས་སུ་ལོན་ཌོན་ཨི་ལིམ་ཕིཀ་རྩེད་འགྲན་གྱི་འདུར་རྒྱུགས་འགྲན་སྡུར་སྐབས་སུ་ཨང་གསུམ་པ་ཟངས་ཀྱི་རྟགས་མ་བླངས་ཏེ་བོད་མི་རིགས་དང་རྒྱལ་སྤྱིའི་ཨོ་ལིག་ཕིཀ་རྩེད་འགྲན་བར་དུ་འབྲེལ་ལམ་གྱི་ལེའུ་གསར་བ་ཞིག་གི་སྒོ་མོ་ཕྱེས།

གཞན་ཡང་ཐེངས་འདིར་རྒྱ་གར་དུ་སྐྱེས་པའི་བོད་པའི་ན་གཞོན་བུ་མོ་བསྟན་འཛིན་པདྨ་རྒྱལ་སྤྱིའི་ཨོ་ལིག་ཕིཀ་རྩེད་འགྲན་ལ་ཞུགས་ཐུབ་པར་འབད་བརྩོན་བྱ་སའི་ལུས་རྩལ་གྱི་རིགས་ནི་དྲག་རྩལ་ཡིན་པ་དང་། དེ་ནི་༢༠༡༥་ལོར་འཛམ་གླིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་ལྷན་ཚོགས་ཀྱིས་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་རེའུ་མིག་ནང་དུ་གསར་གཏོད་བྱས་པའི་ལུས་རྩལ་འགྲན་སྡུར་གྱི་རྣམ་གྲངས་ཤིག་ཡིན་ནོ།

XS
SM
MD
LG