ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཀོང་ཏུང་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གོ་གནས་འཕར་སྲིད་པ།


༄༅།། རྒྱ་ནག་ལྷོ་ཕྱོགས་ཀྱི་དཔལ་འབྱོར་སྟོབས་ཤུགས་ལྡན་པའི་ཀོང་ཏུང་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ། ལོ་ན་༥༤་ལ་སོན་པའི་ཧུ་ཁྲུན་ཧྭ་སྔ་མོ་ནས་རྒྱ་ནག་དམར་ཤོག་གི་མི་རབས་༦་པ་ཟེར་པའི་འགོ་ཁྲིད་ཚོའི་གྲས་སུ་བསྐོ་བཞག་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་ཅིང་། བདུན་ཕྲག་སྔོན་མར་ཧུ་ཁྲུན་ཧྭའི་ཁ་གཏད་པ་གཙོ་བོ་སྟེ། ལོ་ན་༥༣་ལ་སོན་པའི་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་སུན་ཀྲེང་ཚེ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་གནས་དབྱུང་བཏང་བར་བརྟེན། ཧུ་ཁྲུན་ཧྭ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་ལ་རྒྱུན་ལས་འཐུས་མི་བདུན་ཡོད་པ་དེའི་གྲས་སུ་བསྐོ་བཞག་བྱ་རྒྱུའི་གོ་སྐབས་ཆེ་རུ་ཕྱིན་ཡོད། ཐ་ན་སྲིད་འཛིན་ཞིས་ཅིན་ཕིང་འཕོ་འགྱུར་འགྲོ་དུས་ཧུ་ཁྲུན་ཧྭ་རྒྱ་ནག་དམར་ཤོག་གི་མི་༦་པའི་འགོ་ཁྲིད་ཀྱི་འགྲན་སྡུར་གྲས་སུ་ཞུགས་ཐུབ་པའི་གོ་སྐབས་ཡོད་པ་རེད། ལོ་ལྔ་རེའི་མཚམས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་རེ་འཚོགས་ཀྱིན་ཡོད་པ་དང་། ད་ལོའི་སྟོན་ཁ་འདིར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པ་འཚོགས་ཀྱི་ཡོད་པས། ཉམས་ཞིབ་པ་ཕལ་ཆེ་བས་ཧུ་ཁྲུན་ཧྭ་དང་སུན་ཀྲེང་ཚེ་གཉིས་གོ་གནས་འཕར་ཏེ། ཁོ་ཚོ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་བདུན་གྱི་གྲས་སུ་བསྐོ་བཞག་བྱ་སྲིད་པའི་ཚོད་དཔག་བྱས་མོད། འོན་ཀྱང་སུན་ཀྲེང་ཚེ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་བདུན་ཕྲག་སྔོན་མར་གནས་དབྱུང་བཏང་བ་དང་། གལ་སྲིད་ཧུ་ཁྲུན་ཧྭ་རྒྱ་ནག་གི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་བདུན་གྱི་གྲས་སུ་བསྐོ་བཞག་མ་བྱས་རུང་། ཁོ་པར་དེ་མིན་གྱི་གོ་གནས་གནད་འགག་ཅན་ཁག་ཅིག་གོ་སྒྲིག་བྱ་སྲིད། པེ་ཅིང་དུ་བཅའ་སྡོད་ཨེ་ཤི་ཡའི་ཕྱི་འབྲེལ་མི་སྣ་ཞིག་གིས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་འགའ་ཞིག་ལ་གླེང་མོལ་བྱས་ནས་བཤད་པ་ལྟར་ན། ཧུ་ཁྲུན་ཧྭ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མིའི་གྲས་སུ་བསྐོ་བཞག་མ་བྱས་ཚེ། ཁོ་པ་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་བྱ་སྲིད་ཅེས་བཤད་ཡོད་པ་དང་། ཡང་རྒྱ་ནག་གི་གཞུང་འབྲེལ་མི་སྣ་གཞན་ཞིག་གིས་ཧུ་ཁྲུན་ཧྭ་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མིའི་གྲས་སུ་བསྐོ་བཞག་མ་བྱས་ན་སྲིད་བློན་གཞོན་པ་ཞིག་ལ་བསྐོ་བཞག་བྱ་སྲིད་ཅེས་བཤད་འདུག ཧུ་ཁྲུན་ཧྭས་ཀོང་ཏུང་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་བཟུང་བའི་སྐབས་སུ་ཝུ་ཁང་ས་གནས་ཀྱི་ཞིང་པ་ཚོས་ངོ་རྒོལ་བྱས་ཏེ། གྲོང་གསེབ་པ་ཚོས་ས་གནས་དེའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་གོ་གནས་ཕབ་ནས་མང་ཚོགས་ཀྱིས་རང་གི་འགོ་ཁྲིད་རྣམས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པ་དང་། ཧུ་ཁྲུན་ཧྭས་ཝུ་ཁང་ས་གནས་སུ་དྲག་གནོན་བྱས་ནས་མི་མང་གི་ངོ་རྒོལ་ཞོད་འཇོགས་བཏང་བ་སྟེ། ཁོ་པས་རྒྱ་ནག་གཞུང་གི་བཀོད་འདོམས་ལྟར་སྤྱི་ཚོགས་ལ་ཞི་བདེ་བརྟན་ལྷིང་བསྐྲུན་ཐུབ་ཡོད་པ་མ་ཟད། ཀོང་ཏུང་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་གོ་གནས་དེ་རྒྱ་ནག་གི་འགོ་ཁྲིད་ཚོར་ཧ་ཅང་གནད་འགག་ཆེ་བའི་གོ་གནས་ཤིག་ཡིན་པ་དང་། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་མང་དག་ཅིག་གིས་ཐོག་མར་ཀོང་ཏུང་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་བཟུང་སྟེ། ཁོ་ཚོ་རིམ་བཞིན་རྒྱལ་ཡོངས་ཀྱི་འགོ་ཁྲིད་གྲས་སུ་གོ་གནས་འཕར་བ་རེད། ཧུ་ཁྲུན་ཧྭ་ནི་༡༩༨༣་ལོའི་ཟླ་བརྒྱད་པའི་ནང་བོད་རང་སྐྱོང་ལྗོངས་སུ་སླེབས་ཏེ་བོད་རང་སྐྱོང་ལྗོངས་ན་གཞོན་ལྷན་ཚོགས་དང་བོད་ལྗོངས་ན་གཞོན་ཚགས་པར་ལས་ཁུངས་སོགས་སུ་ལས་ཀ་བྱས་པ་དང་། ༡༩༨༧་ལོར་བོད་རང་སྐྱོང་ལྗོངས་ན་གཞོན་ལྷན་ཚོགས་ཀྱི་དམར་ཤོག་ཚོགས་པའི་ཚོགས་གཞོན་ཆགས་པ་རེད། ༡༩༩༢་ལོར་ཉིང་ཁྲི་རུ་མངགས་པ་དང་། ཕྱིས་སུ་པེ་ཅིང་སོགས་སུ་ལས་ཀ་བྱས་རྗེས་༢༠༠༡་ལོར་བསྐྱར་དུ་བོད་རང་སྐྱོང་ལྗོངས་སུ་སླེབས་ཏེ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་རྒྱུན་ལས་དང་དྲུང་ཆེ། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་འགན་འཛིན་གཞོན་པ་སོགས་ཀྱི་འགན་འཁུར་བ་དང་། ཁོང་གིས་རྒྱ་ནག་ན་གཞོན་ལྷན་ཚོགས་སུ་ལས་ཀ་བྱས་པའི་སྐབས་དེ་ནི་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་རྒྱ་ནག་གི་འགོ་ཁྲིད་ཡིན་པའི་སྐབས་ཡིན། ༢༠༠༩་ལོར་ནང་སོག་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཆགས་པ་དང་། ༢༠༡༢་ལོའི་ཟླ་༡༢་པའི་ནང་ཀོང་ཏུང་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པ་རེད། རྒྱ་ནག་དམར་ཤོག་གི་མི་རབས་དང་པོའི་འགོ་ཁྲིད་ནི་མའོ་ཙེ་ཏུང་གི་དུས་སྐབས་ཀྱི་འགོ་ཁྲིད་ཚོ་དང་། མི་རབས་གཉིས་པ་ནི་ཏིང་ཞའོ་ཕིང་གི་དུས་སྐབས་ཀྱི་འགོ་ཁྲིད་རྣམ་པ། མི་རབས་གསུམ་པ་ནི་ཅང་ཙེ་མིན་དང་མི་རབས་བཞི་པ་ཧུ་ཅིན་ཐའོ། མི་རབས་ལྔ་པ་ནི་ཞིས་ཅིན་ཕིང་གི་དུས་སྐབས་ཀྱི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོ་ཡིན་པ་དང་། མི་རབས་དྲུག་པ་ནི་༡༩༦༠་རེ་གྲངས་སུ་སྐྱེས་པའི་རྒྱ་ནག་དམར་ཤོག་གི་མཐོ་རིམ་འགོ་ཁྲིད་ཚོའི་བུ་རབས་ཚ་རྒྱུད་རྣམས་ལ་གོ་དགོས་པ་རེད།།

XS
SM
MD
LG