ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

འཛམ་གླིང་གི་དབུ་ཁྲིད་ཁག་གིས་ལིའུ་ཞའོ་པོ་ལ་མྱ་ངན།


རྒྱ་ནག་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་མཁན་ལིའུ་ཞའོ་པོ་འདས་གྲོངས་སུ་གྱུར་པར་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པར་ཐུགས་ཕམ་བྱུང་བ་དང་། ཁོང་ཚོས་ལིའུ་ཞའོ་པོའི་བཟའ་ཟླ་དང་གཉེན་ཚན་སོགས་ལ་ཐུགས་གསོའི་གསུང་འཕྲིན་གནང་གི་ཡོད་ཅིང་། དེ་རིང་ཕྱི་ཟླ་༧་ཚེས་༡༤་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ལིའུ་ཞའོ་པོ་འདས་གྲོངས་སུ་གྱུར་པར་ངོས་རང་ཧ་ཅང་བློ་ཕམ་ཆེན་པོ་བྱུང་། ངོས་ནས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དམ་པ་དེ་ཉིད་ཀྱི་ཆེད་དུ་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད། དམ་པ་དེའི་བཟའ་ཟླ་ལིའུ་ཤཱ་དང་གཉེན་ཚན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་བྱེད་ཀྱི་ཡོད། ལིའུ་ཞའོ་པོ་ང་ཚོ་དང་གཏན་དུ་བྲལ་རུང་ང་ཚོས་མུ་མཐུད་དུ་དམ་པ་དེ་ཉིད་ཀྱིས་རྩ་འཛིན་བྱས་པའི་རྩ་དོན་ཁག་རྒྱུན་འཁྱོངས་བྱས་ཏེ། རྒྱ་ནག་སྔར་ལས་ལྷག་པའི་འཆམ་མཐུན་དང་ཞི་བདེ་བརྟན་ལྷིང་། ཕུམ་སུམ་ཚོགས་པ་ཞིག་ལ་སྒྱུར་ཐབས་བྱ་དགོས། ང་ལ་ལིའུ་ཞའོ་པོས་སྐུ་ཚེ་ཧྲིལ་བོར་རང་དབང་གི་རྩ་དོན་ཆེད་དུ་གཡོ་བ་མེད་པར་འཐབ་རྩོད་བྱས་པར་གྲུབ་འབྲས་སྨིན་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་འདུག འདི་དང་དུས་མཚུངས་སུ་ཨ་མི་རི་ཀ་དང་འཇར་མན་ཎི། དབྱིན་ཇི་དང་ཧྥ་རན་སི། ཡུ་རོབ་མཉམ་འབྲེལ་བཅས་ཀྱི་སྲིད་གཞུང་ཁག་གིས་ལིའུ་ཞའོ་པོའི་བཟའ་ཟླ་ལིའུ་ཤཱ་བཟང་བཙོན་འོག་ནས་གློད་གྲོལ་གཏོང་དགོས་ཞེས་འབོད་སྐུལ་ཞུས་རུང་། ནུབ་ཕྱོགས་རྒྱལ་ཁབ་མང་ཆེ་བས་རྒྱ་ནག་གཞུང་གིས་ལིའུ་ཞའོ་པོ་ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་མ་བཏང་བར་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་མེད་པ་རེད། འཇར་མན་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་འཕྲལ་དུ་ཕྱི་གསལ་ནང་གསལ་གྱི་སྒོ་ནས་གཡོ་ཟོལ་མེད་པར་ལིའུ་ཞའོ་པོ་ལ་སྐྲད་ནད་ཕོག་ཡོད་པ་སྔོན་ནས་རྩད་གཅོད་ཐུབ་ཡོད་མེད་འགྲེལ་བཤད་གསལ་བོ་ཞིག་རྒྱག་དགོས་ཞེས་ནན་བརྗོད་བྱས་ཡོད་པ་མ་ཟད། སྲིད་བློན་ཨན་གྷི་ལ་མར་ཁེལ་གྱིས་ངས་ལིའུ་ཞའོ་པོ་ལ་མྱ་ངན་ཞུ་རྒྱུ་ཡིན། ཁོང་གི་སྤྱི་དམངས་ཀྱི་ཐོབ་ཐང་དང་རང་དབང་རྩོད་ལེན་གྱི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཡོད། ངས་ལིའུ་ཞའོ་པོའི་བཟའ་ཟླ་དང་གཉེན་ཚན་བཅས་ལ་གདུང་ཤུགས་དྲག་པོས་སེམས་གསོ་བྱེད་ཀྱི་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་འདུག དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་ལིའུ་ཞའོ་པོ་ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་ཡོང་འདོད་ཡོད་རུང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ལ་སྨན་བཅོས་བྱེད་དུ་ཡོང་ཆོག་པའི་གདམ་ཀ་མ་སྤྲད་པ་ནོར་འཁྲུལ་ཆེན་པོ་རེད་ཅེས་སྐྱོན་བརྗོད་བྱས་པ་དང་། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱའི་ནང་དུ་གཏམ་བཤད་རིང་པོ་ཞིག་སྤེལ་ཏེ། རྒྱ་ནག་ལ་ཆབ་སྲིད་སྒྱུར་བཅོས་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག དབྱིན་ཇིའི་སྲིད་བློན་དང་ཁེ་ན་ཌའི་སྲིད་བློན། ཨོ་སི་ཊི་རེ་ལི་ཡའི་སྲིད་བློན་དང་ཉི་ཧོང་གི་སྲིད་བློན་བཅས་ཀྱིས་ལིའུ་ཞའོ་པོ་འདས་གྲོངས་གྱུར་པའི་སྐོར་ལ་ཅི་ཡང་གླེང་སློང་བྱས་མེད་རུང་ཨ་རིའི་ཕོ་བྲང་དཀར་པོས་ལིའུ་ཞའོ་པོ་འདས་གྲོངས་སུ་གྱུར་པར་སྲིད་འཛིན་ཌོ་ནལ་ཊོམ་བློ་ཕམ་ཆེན་པོ་བྱུང་སོང་ཞེས་གསར་འགོད་གསལ་བསྒྲགས་སྤེལ་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་རེཀ་ཊི་ལར་སན་གྱིས་ངས་ལིའུ་ཞའོ་པོའི་བཟའ་ཟླ་ལིའུ་ཤཱ་དང་གཉེན་ཚན་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་སེམས་གསོ་བྱེད་ཀྱི་ཡོད། ངས་རྒྱ་ནག་གཞུང་ལ་ལིའུ་ཤཱ་བཟང་བཙོན་འོག་ནས་གློད་གྲོལ་གཏོང་དགོས་པ་དང་། ཁོ་མོ་ཕྱི་རྒྱལ་ལ་ཡོང་འདོད་ཡོད་ན་བཀག་འགོག་མེད་པར་ཡོང་དུ་འཇུག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཤད་འདུག ཧྥ་རན་སིའི་སྲིད་འཛིན་གྱིས་ལིའུ་ཞའོ་པོ་རླབས་ཆེན་གྱི་རང་དབང་འཐབ་རྩོད་པ

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


་ཞིག་ཡིན། ང་ཚོས་འཛམ་གླིང་གི་ནོ་བྷེལ་ཞིབ་བདེའི་གཟེངས་རྟགས་བཞེས་མཁན་དེར་མྱ་ངན་ཞུ་དགོས། དམ་པ་དེ་ཉིད་ཀྱི་བཟའ་ཟླ་དང་གཉེན་ཚན་སོགས་ལ་སེམས་གསོ་བྱེད་ཀྱི་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་འདུག ནོར་ཝེའི་སྲིད་བློན་གྱིས་ང་ཚོས་ལིའུ་ཞའོ་པོ་འདས་གྲོངས་སུ་གྱུར་པའི་གཏམ་ངན་ཐོས་དུས་སེམས་སྡུག་ཆེན་པོ་བྱུང་སོང་། འདས་པའི་ལོ་ངོ་བཅུ་ཕྲག་མང་པོར་ལིའུ་ཞའོ་པོ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གཙོ་བ་ཞིག་དང་རྒྱ་ནག་ཡར་རྒྱས་གཏོང་དགོས་ཞེས་སྐད་འབོད་བྱེད་མཁན་གཙོ་བོ་ཞིག་ཡིན་ཞེས་བཤད་པ་དང་། ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་ལིའུ་ཞའོ་པོ་ལ་དུས་མིན་འཆི་བ་བྱུང་བའི་ལན་ཁག་རྒྱ་ནག་གཞུང་ལ་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ལིའུ་ཞའོ་པོ་མ་གྲོངས་གོང་དུ་རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དེ་སྐྱོབ་ཐབས་བྱས་མ་སོང་། ལིའུ་ཞའོ་པོའི་ནད་གཞི་སྡུག་ཏུ་སོང་བའི་གསར་འགྱུར་ཐོན་རུང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མ་གོ་མ་ཐོས་པ་ལྟ་བུ་དང་། ལིའུ་ཞའོ་པོའི་བདེ་སྡུག་གླེང་སློང་བྱ་རྒྱུར་འཛེམ་ཟོན་བྱས་སོང་། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། དམངས་གཙོ་རྣམས་གཙིགས་སུ་འཛིན་མཁན་ཚོས་ཀྱང་གཞན་གྱི་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཆེད་དུ་ལངས་ཕྱོགས་མཁྲེགས་པོ་ཞིག་བཟུང་མ་སོང་ཞེས་ཁ་རྡུང་དྲག་པོ་བཏང་འདུག ཡུ་རོབ་མཉམ་འབྲེལ་གཙོ་འཛིན་གྱིས་རྒྱ་ནག་གཞུང་གིས་ལིའུ་ཞའོ་པོ་དམ་པ་དེ་ཉིད་ཀྱི་བཟའ་ཟླ་ལིའུ་ཤཱ་དང་བཟའ་མི་གཞན་ཚོའི་འདོད་མོས་ལྟར་འདས་པོ་ཕུང་པོ་དུར་འཇུག་བྱེད་དུ་འཇུག་དགོས། ལིའུ་ཤཱ་དང་ཁོ་མོའི་སྤུན་མཆེད་ལིའུ་ཧུའི་གཉིས་ཕྱི་རྒྱལ་ལ་ཡོང་དུ་འཇུག་དགོས་ཞེས་ནན་བརྗོད་བྱས་པ་དང་། ཁེ་ན་ཌའི་ཕྱི་སྲིད་ལྷན་ཁང་གིས་ལིའུ་ཤཱ་དང་ཤུལ་ལུས་བཟའ་མི་ཚོར་སེམས་གསོ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད།།

XS
SM
MD
LG