ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༥/༡༧

ཨ་རིའི་མཚོ་དམག་གི་སྐོར་གཡེང་ལ་རྒྱ་ནག་གིས་ངོ་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་མི་རི་ཀའི་འཐབ་འཛིང་གནམ་གྲུ་འཁྱེར་པའི་དམག་གྲུ་ཆེན་མོ་ཁརླ་ཝྭིན་སེན་དང་། དེ་མིན་གྱི་དམག་གྲུ་ཁག་ཅིག་ཕྱི་ཟླ་༢་ཚེས་༡༨་ཉིན་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་དུ་སོང་སྟེ། དེ་རིང་ཕྱི་ཟླ་༢་ཚེས་༢༡་ཉིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་དམག་གྲུ་རྣམས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་དུ་བསྐྱོད་པར་ངོ་རྒོལ་བྱས་ཡོད་ཅིང་། ད་ཐེངས་ཀྱི་སྐོར་གཡེང་འདི་ཌོ་ནོལ་ཁྲ་རམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀའི་དམག་གྲུ་རྣམས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་ལ་བསྐྱོད་པ་ཐེངས་དང་པོ་ཡིན་པས། ཌོ་ནོལ་ཁྲ་རམ་གྱི་སྲིད་གཞུང་གསར་པས་ཀྱང་ཨ་མི་རི་ཀའི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་འགྲིམ་འགྲུལ་རང་དབང་དང་། སྐྱེལ་འདྲེན་རང་དབང་ལ་སྔར་བཞིན་སྲུང་སྐྱོབ་བྱ་རྒྱུའི་བརྡ་ཞིག་བཏང་འདུག དེར་བརྟེན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་རྟག་ཏུ་འགྲིམ་འགྲུལ་རང་དབང་དང་མཁའ་ལམ་གྱི་འགྲུལ་སྐྱོད་རང་དབང་ལ་བརྩི་འཇོག་བྱེད་བཞིན་ཡོད། ཡིན་ནའང་རྒྱལ་ཁབ་ཁག་ཅིག་གིས་འགྲིམ་འགྲུལ་རང་དབང་དང་མཁའ་ལམ་གྱི་འགྲུལ་སྐྱོད་རང་དབང་ཞེས་པའི་ཁ་གཡང་སྒྲོགས་ཏེ། ཁོ་ཚོས་རྒྱལ་ཁབ་གཞན་གྱི་བདག་དབང་བརྩི་མེད་དང་མངའ་ཁུལ་གྱི་བདེ་འཇགས་ལ་གཏོར་བརླག་བྱེད་ཀྱི་ཡོད། རྒྱ་ནག་གིས་དུས་དང་རྣམ་པ་ཀུན་ཏུ་ཁྲིམས་འགལ་གྱི་འགུལ་སྐྱོད་དེ་ཚོར་ངོ་རྒོལ་བྱ་རྒྱུ་ཡིན། ང་ཚོས་འབྲེལ་ཡོད་རྒྱལ་ཁབ་དེ་དག་གིས་མངའ་ཁུལ་དེའི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པར་ལེགས་སྐྱེས་འབུལ་ཐུབ་པའི་རེ་བ་འཆང་ཡོད་ཅེས་བཤད་འདུག

XS
SM
MD
LG