རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་གསར་པ་༧་བདུན་འཛུགས་སྐྲུན་བྱས་ཏེ། ད་ལྟ་གླིང་ཕྲན་དེ་དག་གི་ཐོག་ཏུ་མེ་ཤུགས་འཕུར་མདེལ་དང་རེ་ཌར་འཕྲུལ་ཆས་འཛུགས་ས། དམག་གི་གནམ་གྲུ་འཕུར་ཐུབ་པའི་གནམ་ཐང་བཅས་པ་འཛུགས་སྐྲུན་བྱས་ཡོད་ཅིང་། པེ་ཅིང་གི་དབང་འཛིན་པ་ཚོས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་འཛུགས་སྐྲུན་བྱས་པའི་གླིང་ཕྲན་རྣམས་ཉ་པ་སྐྱོབ་ས་དང་ཚན་རིག་པའི་ཞིབ་འཇུག་བྱ་ས་ཡིན། རྒྱ་ནག་ལ་གླིང་ཕྲན་གསར་པ་དེ་དག་ནམ་ཡང་དམག་དོན་ལྟེ་གནས་སུ་བསྒྱུར་འདོད་མེད་ཅེས་འགྲེལ་བཤད་ལན་མང་བརྒྱབ་མོད། འོན་ཀྱང་ཨ་མི་རི་ཀའི་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་གིས་མཁའ་དབྱིངས་ནས་བརྙན་པར་བླངས་པ་དེ་ལ་བལྟས་ཚེ། རྒྱ་ནག་གིས་ཉེ་བའི་ལོ་ཤས་ཤིག་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་རྒྱ་སྐྱེད་བྱས་ཡོད་པ་རྣམས་སྲུང་སྐྱོབ་དམ་པོ་བྱ་རྒྱུའི་དམག་གི་མཐུན་རྐྱེན་ཁག་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད་པ་ར་སྤྲོད་གསལ་བོ་བྱུང་ཡོད་པ་རེད།