ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་སྲིད་གཞུང་གསར་པའི་ལས་སྣེ་ཁག་བསྐོ་བཞག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་ལས་ཁུར་དམ་བཅའ་འཇོག་དགོས་པ་དང་། ཁོང་གིས་དེའི་སྔོན་ལ་རང་གི་སྲིད་གཞུང་གསར་པའི་ལྷན་ཁང་ཁག་གི་དྲུང་ཆེ་རྣམས་དང་དྲུང་ཆེ་གཞོན་པ་རྣམས། ད་དུང་ཨ་མི་རི་ཀའི་དབུས་གཞུང་གི་ལས་ཁུངས་ཁག་གི་འགོ་ཁྲིད་རྣམས་བསྐོ་བཞག་བྱ་དགོས་ཤིང་། ཌོ་ནལ་ཊམ་གྱིས་རང་གི་སྲིད་གཞུང་གསར་པའི་དྲུང་ཆེ་ཁག་དང་མཐོ་རིམ་ལས་སྣེ་ཕལ་ཆེ་བ་བསྐོ་བཞག་ཟིན་རུང་། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེའི་ས་མིག་དེར་མི་སྣ་སུ་ཞིག་བསྐོ་བཞག་བྱ་རྒྱུ་ཡིན་མིན་ཕྱིར་བསྒྲགས་བྱས་མེད་པ་དང་། མདང་དགོང་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་འགན་འཛིན་ལ་ཨོཀ་ལོ་ཧོ་མ་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པ་སི་ཀོ་ཊི་ཕུ་རུ་ཊི་བསྐོ་བཞག་བྱས་ཏེ། ཨ་མི་རི་ཀའི་ཁོར་ཡུག་སྲུང་སྐྱོབ་པ་ཚོར་བློ་འཚབ་ཆེན་པོ་ཡོང་གི་ཡོད་པ་དང་། སྲིད་འཛིན་ཨོ་བྷ་མས་རྡོ་སོལ་གྱི་ནུས་ཤུགས་ལ་བརྟེན་ནས་གློག་མཁོ་འདོན་བྱེད་ཀྱི་ཡོད་པ་ཉུང་དུ་གཏོང་དགོས། ཨ་མི་རི་ཀས་ཉི་འོད་དང་རླུང་སོགས་རང་བྱུང་གི་ནུས་པར་བརྟེན་ནས་གློག་མཁོ་འདོན་བྱ་རྒྱུ་མང་དུ་གཏོང་དགོས་ཞེས་འཆར་གཞི་ཞིག་ལག་ལེན་བསྟར་མོད། འོན་ཀྱང་ཨོཀ་ལོ་ཧོ་མ་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པ་སི་ཀོ་ཊི་ཕུ་རུ་ཊི་གཙོས་ཨ་མི་རི་ཀའི་མངའ་སྡེ་༢༧་གྱི་སྤྱི་ཁྱབ་ཁྲིམས་འཛིན་པ་ཚོས་རྡོ་སོལ་དང་རླངས་འཁོར། བཟོ་གྲྭ་སོགས་ཀྱི་ནག་རྫས་དུད་རླངས་བཀག་འགོག་བྱ་དགོས་པའི་སྲིད་འཛིན་ཨོ་བྷ་མའི་འཆར་གཞི་དེར་མོས་མཐུན་མེད། འཛམ་གླིང་གི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱིན་འདུག་ཟེར་པའི་སྐད་ཆ་དེ་ལའང་ཁུངས་ལུང་མི་འདུག་ཅེས་རྩོད་པ་རྒྱག་གི་ཡོད་པས། ཌོ་ནལ་ཊམ་གྱིས་སི་ཀོ་ཊི་ཕུ་རུ་ཊི་ཨ་རིའི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་འགན་འཛིན་ལ་བསྐོ་བཞག་བྱས་པར་མི་མང་པོ་ཞིག་དགའ་མོས་མེད་པ་རེད།

XS
SM
MD
LG