ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༧གོང་ས་མཆོག་གིས་ཐའི་ལེནྜ་ཀྱི་རྒྱལ་པོ་དགོངས་པ་རྫོགས་པར་ཐུགས་གསོ་གནང་ཡོད་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ད་ལྟ་སུད་ཛ་ལེནྜ་ཀྱི་གྲོང་ཁྱེར་ཛུ་རིག་ཏུ་ཆིབས་བསྒྱུར་གནང་སྟེ་ མཛད་དོན་རྒྱ་ཆེ་ཞིག་བསྐྱང་དང་སྐྱོང་བཞིན་པའི་སྐབས་འདིར་ ལྷོ་ཤར་ཨེ་ཤི་ཡེའི་རྒྱལ་ཁབ་ཐའི་ལེནྜ་ཀྱི་རྒྱལ་པོ་བྷུ་མཱི་བྷུལ་ ཨཱ་དྷུ་ལཱ་ཡཱ་དྷེད་ དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་སྟབས་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་བཅུ་པའི་ཚེས་༡༣ཉིན་ ལམ་ཕྲལ་ཛུ་རིག་ནས་བཙུན་མོ་སཱི་རི་ཀིཊ་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ་ འདས་པའི་ལོ་༧༠ལྷག་གི་རིང་ལ་ཐའི་ལེནྜ་མི་དམངས་ཀྱི་རེ་བ་དང་ སེམས་ཤུགས་ཀྱི་འབྱུང་ཁུངས་ཤིག་ལ་ངོས་འཛིན་ཞུ་ཡུལ་རྒྱལ་པོ་བྷུ་མཱི་བྷུལ་ ཨཱ་དྷུ་ལཱ་ཡཱ་དྷེད་ དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཐུགས་ཕམ་ཆེན་པོ་བྱུང་ཞེས་བཀའ་གནང་བ་དང་འབྲེལ་ སེམས་སྡུག་གིས་མནར་བའི་རྗེས་ཤུལ་བཙུན་མོ་སྐུ་འཁོར་དང་ ཐའི་ལེནྜ་ཀྱི་མི་དམངས་བཅས་ལ་ཐུགས་གསོ་ཡོད་ཅེས་བཀའ་གནང་ཡོད་འདུག་ དེ་དང་ཆབས་ཅིག་ ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ གང་ཉིད་དེ་སྔ་༡༩༦༧ལོར་ ཐའི་ལེནྜ་ལ་ཆིབས་བསྒྱུར་ཐོག་མར་གནང་བའི་སྐབས་ རྒྱལ་པོ་དམ་པ་དེ་ཉིད་དང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་བ་དེ་གཟི་བརྗིད་ཞིག་ལ་ངོས་འཛིན་གནང་གི་ཡོད་ལུགས་ཀྱང་བཀའ་གནང་ཡོད་འདུག

XS
SM
MD
LG