ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཌོ་ནལ་ཊམ་གྱིས་སྲིད་འཛིན་འོས་མིར་དང་ལེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཨ་རིའི་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་གྱི་ཉིན་མཐའ་མ་དེར་ཌོ་ནལ་ཊམ་གྱིས་དངོས་སུ་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མིར་དང་ལེན་བྱས་པ་དང་། སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་རྒྱས་འཛོམས་ཚོགས་ཆེན་གྱི་སྐུ་ཚབ་ཚོར་སྲིད་འཛིན་འོས་མི་དེའི་བཟའ་ཟླ་དང་བུ་ཕྲུག་གམ། ཡང་ན་འོས་མི་དེར་ཧ་ཅང་གི་བློ་ཐག་ཉེ་བའི་གྲོགས་པོ་ཞིག་གིས་མཚམས་སྦྱོར་བྱེད་སྲོལ་ཡོད་ཅིང་། ཁ་སང་གཟའ་ཕུར་བུའི་དགོང་མོར་ཌོ་ནལ་ཊམ་གྱི་བུ་མོ་སྟེ། ཨི་ཝྭན་ཁ་ཊམ་གྱིས་རང་གི་ཨ་ཕ་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ལ་ཕེབས་པའི་སྐུ་ཚབ་རྣམས་དང་ཨ་རིའི་མི་དམངས། འཛམ་གླིང་མི་དམངས་ལ་བཅས་ལ་མཚམས་སྦྱོར་བྱས་ཡོད།

ངའི་ཨ་ཕ་ནི་སྲིད་འཛིན་ཞིག་ལ་ཚང་དགོས་པའི་འཇོན་ཐང་དང་ནུས་པ་ལྡན་པ་གཅིག་པུ་མིན། ཁོང་ང་ཚོའི་རྒྱལ་ཁབ་འདིར་མཁོ་བའི་བྱམས་བརྩེ་དང་སྙིང་རྗེ་ཅན་གྱི་འགོ་ཁྲིད་ཅིག་ཀྱང་ཡིན་ཞེས་བཤད་ཡོད།

ཌོ་ནལ་ཊམ་གྱིས་དུས་ཡུན་ཆུ་ཚོད་གཅིག་དང་སྐར་མ་བཅོ་ལྔའི་རིང་ལ་གཏམ་བཤད་བྱས་པའི་སྐབས་སུ་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་མཁྲེགས་འཛིན་བྱ་རྒྱུ་དང་། སྲིད་འཛིན་ཨོ་བྷ་མ་དང་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧི་ལ་རི་ཁེ་ལིན་ཊོན་གཉིས་ཀྱིས་སྲིད་དབང་བཟུང་སྟེ། ཨ་མི་རི་ཀ་ཁྲིམས་མེད་ལུགས་མེད་ཀྱི་རྒྱལ་ཁབ་ཅིག་ལ་གྱུར་ནས་ཉེན་རྟོག་པ་རྣམས་ལ་ཚུར་རྒོལ་བྱས་ནས་དམར་གསོད་འབྱུང་གི་ཡོད། ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་འབུམ་ཕྲག་མང་པོ་ཨ་མི་རི་ཀའི་ས་གནས་ཁག་ཏུ་བག་ཡངས་སུ་འགྲོ་བཞིན་ཡོད། འཇིགས་སྐུལ་རིང་ལུགས་པ་ཚོས་ཨ་མི་རི་ཀར་གཏོར་རྒོལ་བྱ་རྒྱུ་མང་དུ་འགྲོ་བཞིན་པ་རྣམས་ངེས་པར་དུ་འགོག་ཐབས་བྱ་དགོས། ངས་ཨ་མི་རི་ཀར་ཁྲིམས་དང་སྒྲིག་སྲོལ། བདེ་འཇགས་དང་ཞི་བདེ་སླར་གསོ། ཨ་མི་རི་ཀ་དང་རྒྱལ་སྤྱིའི་ཡུལ་གྲུ་ཁག་གིས་འདྲ་མཉམ་མེད་པའི་ཚོང་ལས་ཀྱི་གྲོས་མཐུན་བཞག་ཡོད་པ་ཁག་ལ་བསྐྱར་དུ་གྲོས་བསྡུར་བྱ་རྒྱུ་ཡིན། ཨ་མི་རི་ཀས་སྔར་བཞིན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འགྲོ་གྲོན་མང་ཆེ་བ་གཏོང་མི་ཐུབ། ནུབ་ཕྱོགས་པའི་དམག་དོན་སྒྲིག་འཛུགས་དེའི་ཁོངས་གཏོགས་རྒྱལ་ཁབ་ཁག་ལ་དམག་དོན་གྱི་འགྲོ་གྲོན་མཉམ་ཁུར་བྱེད་དུ་འཇུག་རྒྱུ་དང་། ཨ་མི་རི་ཀས་རྒྱལ་ཁབ་གཞན་རྩ་བ་ཚུགས་ནས་སྲ་བརྟན་མ་ཆགས་བར་དུ་ལྟ་སྐྱོང་བྱ་མི་ཐུབ། ཨ་མི་རི་ཀས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་དྲག་པོ་བྱ་རྒྱུ་ཡིན། ཨ་མི་རི་ཀའི་དམག་ཞབས་ཟུར་པ་ཚོར་ལྟ་སྐྱོང་བཟང་པོ་བྱ་རྒྱུའི་འཆར་གཞི་ཡོད་ཅེས་སྲིད་ཇུས་སྣ་མང་ཞིག་ཁྱབ་བསྒྲགས་བྱས་ཏེ། ཌོ་ནལ་ཊམ་གྱི་མི་ཚེ་ནང་གི་གཏམ་བཤད་གལ་འགངས་ཆེ་ཤོས་དེ་ཨ་མི་རི་ཀའི་མང་ཚོགས་ཀྱི་སྙན་ལམ་དུ་སྒྲོགས་ཡོད་པ་རེད། ང་ཚོས་མཉམ་དུ་སྤྱི་མཐུན་ཚོགས་པར་སླར་ཡང་ཕོ་བྲང་དཀར་པོའི་སྲིད་དབང་འཛིན་དུ་འཇུག་དགོས་པ་དང་།

ང་ཚོས་སླར་ཡང་རང་གི་རྒྱལ་ཁབ་འདི་བདེ་འཇགས་དང་ཡར་རྒྱས། ཞི་བདེའི་ཕྱོགས་སུ་ཁ་ལོ་བསྒྱུར་དགོས། ང་ཚོའི་རྒྱལ་ཁབ་འདི་གཏོང་ཕོད་ཅན་དང་ཕན་སེམས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་རུང་། ང་ཚོའི་རྒྱལ་ཁབ་འདི་ཁྲིམས་དང་སྒྲིག་སྲོལ་ལྡན་པའི་རྒྱལ་ཁབ་ཅིག་ཀྱང་ཡིན་དགོས་ཞེས་བཤད་འདུག

XS
SM
MD
LG