ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གཞུང་གིས་བོད་མི་སེར་སྐྱ་མང་པོ་རྒྱལ་མཚན་ནོར་བུས་དུས་དབང་གནང་སར་མངགས་ཡོད།


རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྒྱལ་མཚན་ནོར་བུ་ལགས་ཀྱིས་གཞིས་ཀ་རྩེའི་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་དུས་འཁོར་དབང་ཆེན་དབུ་འཛུགས་གནང་ཡོད་པའི་སྐབས་འདིར། བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་རྒྱ་ནག་གཞུང་གིས་དབང་ཞུ་རུ་འགྲོ་མཁན་གང་མང་ཞིག་འཛོམས་ཐུབ་པའི་ཆེད། ཞི་དྲག་གཉིས་ཀྱི་ཐབས་ལམ་བསྟེན་ནས་བོད་མི་མང་པོ་ཞིག་དེ་ལ་མི་འགྲོ་ཐབས་མེད་བྱུང་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད།།

དུས་དབང་གི་སྔོན་འདིར་བོད་ཀྱི་རྒྱལ་ས་ལྷ་ས་རུ་མཐའ་ན་གུང་ཁྲན་ཏང་ཡོན་ནམ་དམར་ཤོག་ཚོགས་པའི་ཁོངས་མི་དག་ཀྱང་དབང་ཞུ་རུ་ཕྱིན་ན་ངོ་རྒོལ་མེད་ཟེར་བའི་གཞུང་ཕྱོགས་ཀྱི་སྐད་ཆ་ཞིག་ཁྱབ་ཡོད་པ་དང་། རྒྱལ་ཁབ་ཀྱི་ལས་བྱེད་དག་གིས་ཀྱང་ཐོ་འགོད་བྱས་ཚེ་གཞུང་གིས་མཐུན་འགྱུར་རོགས་རམ་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད། དམིགས་བསལ་སྒོས་གཙང་ས་ཁུལ་དུ་དགོན་སྡེ་དང་གྲོང་ཚོ་དག་ནས་སྐུ་ཚབ་བདམས་ཏེ་དབང་ཞུ་རུ་འགྲོ་མཁན་ལ་སྲིད་གཞུང་གིས་སྡོད་གནས་སོགས་ཀྱི་འགྲོ་གྲོན་ཁས་ལེན་བྱས་ཡོད་པ་དང་། མིང་ཐོ་དེའི་ནང་ཚུད་མེད་པའི་གང་ཟག་སྒེར་བ་རྣམས་ས་དེར་སླེབས་ཚེ་སྡོད་གནས་སོགས་རིན་མེད་ངང་གོ་སྒྲིག་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག

དེ་བཞིན་དུ་བོད་ཀྱི་མདོ་སྨད་ས་ཁུལ་དུའང་རྒྱ་ནག་གཞུང་གིས་ཞི་དྲག་གཉིས་ཀྱི་ཐབས་ལམ་ལ་བརྟེན་ནས་བོད་མི་སེར་སྐྱ་མང་པོ་དབང་ཞུ་རུ་མི་འགྲོ་ཐབས་མེད་བྱུང་ཡོད་པ་རེད། བོད་ནས་ཁུངས་ལྡན་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་མཚན་ནོར་བུའི་ཡོངས་འཛིན་བཞུགས་སའི་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ། རྒྱ་ནག་གཞུང་གིས་ཚོགས་ཆེན་ཁྲི་པས་སྣེ་ཁྲིད་པའི་སྤྲུལ་སྐུ་ཉི་ཤུ་དང་། ད་རུང་དགོན་པའི་གནད་ཡོད་གྲྭ་པ་༨༠་ལྷག་ངེས་པར་དུ་གཙང་བཀྲ་ཤིས་ལྷུན་པོར་དབང་ཞུ་རུ་བཅར་དགོས་པའི་བཙན་བཀའ་བཏང་ཡོད་པ་རེད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་བླ་བཙུན་ཁ་ཤས་ཀྱིས་རྒྱུ་མཚན་སྣ་ཚོགས་ལ་བསྙད་ནས་འགྲོ་འདོད་མེད་པ་བསྟན་པའི་སྐབས་སུ་དགོན་པའི་འགན་འཛིན་རྣམས་ཀྱིས་གལ་ཏེ་མ་སོང་ཚེ་དགོན་པའི་གྲྭ་རྒྱུན་ཉུང་དུ་གཏོང་རྒྱུའམ་དགེ་འདུན་པའི་ཞལ་གྲངས་ཡར་འཕར་མི་འཇུག་པའི་ཉེན་ཁ་སོགས་ཡོང་སྲིད་ཕྱིར། འགྲོ་མཁན་རྣམས་ཀྱིས་འདི་ནི་དགོན་པ་དང་བླ་མའི་ཞབས་གཡོག་བསྒྲུབ་པར་བརྩིས་ནས་ཕེབས་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། དེར་མ་ཟད་གཞུང་འབྲེལ་གྱིས་གོ་སྒྲིག་བྱས་པའི་དབང་ཞུ་རུ་འགྲོ་མཁན་རྣམས་ཀྱི་གནམ་གྲུའི་པ་སེ་སོགས་ནང་དུ་འདུ་བའི་འགྲོ་གྲོན་ཡོད་ཚད་གཞུང་གིས་ཁས་ལེན་བྱས་ཡོད་འདུག

XS
SM
MD
LG