ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཏུར་ཀིའི་དམག་གི་ལམ་ལྷོང་མ་བྱུང་བའི་སྲིད་འགྱུར་དང་སྲིད་འཛིན་ཨེར་དྷོ་གྷན་གྱི་དྲག་གནོན།



ཕྱི་ཟླ་༧་ཚེས་༡༥་དགོང་མོར་ཏུར་ཀི་རྒྱལ་ཁབ་ཀྱི་དམག་གི་ནང་ཁུལ་གྱི་ཤོག་ཁག་ཅིག་གིས་སྲིད་དབང་འཕྲོག་ཐབས་དང་སྲིད་འཛིན་ཨེར་དྷོ་གྷན་གྱི་སྲིད་གཞུང་མགོ་རྟིང་སློག་རྒྱུའི་འབད་བརྩོན་བྱས་ཀྱང་། སྲིད་འགྱུར་དེར་ལམ་ལྷུང་མ་བྱུང་བར་སྲིད་འཛིན་ཨེར་དྷོ་གྷན་གྱིས་དམག་གི་སྲིད་འགྱུར་ཤོག་ཁག་དེར་འཕྲལ་དུ་དྲག་གནོན་བྱས་ནས་སྲིད་དབང་སྲ་བརྟན་བཏང་ཡོད་ཅིང་། འདས་པའི་ཉི་མ་ལྔའི་རིང་ལ་ཏུར་ཀི་རྒྱལ་ཁབ་ཀྱི་ཞི་དྲག་གི་ལས་གནས་འཛིན་པའི་མི་ཁྲི་ཚོ་ལྔ་ལྷག་འཛིན་བཟུང་དང་གནས་དབྱུང་། ཁོ་ཚོར་རང་གི་ལས་གནས་གནང་བ་ཞུ་རུ་བཅུག་པ་དང་ལས་ཀ་མཚམས་འཇོག་བྱེད་དུ་བཅུག་པའི་གནས་ཚུལ་ཐོན་ཡོད་པ་དང་། ཏུར་ཀི་གཞུང་གིས་སྐབས་ཤིག་ཆེད་སྦྱོང་སློབ་གཉེར་པ་དང་ཞིབ་འཇུག་པ་རྣམས་ཕྱི་རྒྱལ་ལ་འགྲོ་སྐྱོད་བྱ་མི་ཆོག་ཅེས་དམ་དྲག་བྱས་ཏེ། སྲིད་འཛིན་ཨེར་དྷོ་གྷན་གྱིས་རང་གི་ཆབ་སྲིད་ཀྱི་ཁ་གཏད་པ་རྣམས་རྩ་མེད་གཏོང་གི་ཡོད་པ་དང་། ཁོ་པར་ཏུར་ཀི་རྒྱལ་ཁབ་ལ་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་ཤིག་དར་སྤེལ་གཏོང་འདོད་ཡོད་པ་མངོན་དུ་འགྱུར་ཐུབ་པའི་གོ་སྐབས་ཤིག་ཐོབ་ཡོད། ཏུར་ཀིའི་གཞུང་འབྲེལ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན་ཐེངས་འདིའི་ལམ་ལྷོང་མ་བྱུང་བའི་དམག་གི་སྲིད་འགྱུར་ལ་འབྲེལ་བ་ཡོད་པའི་དགེ་རྒན་དང་ཤེས་ཡོན་སློབ་གསོའི་ལས་སྣེ་༡༥༢༠༠་ཐམ་པ་གནས་དབྱུང་བཏང་བ་དང་། སློབ་ཆེན་ཁག་གི་གཙོ་འཛིན་༡༥༧༧་ལ་རང་གི་ལས་གནས་ནས་གནང་བ་ཞུ་རུ་བཅུག་ཡོད། ཏུར་ཀིའི་ནང་སྲིད་ལྷན་ཁང་གི་ལས་བྱེད་པ་༨༧༧༧་ཕྱིར་ཕུད་བྱས་པ་དང་། ནོར་སྲིད་ལྷན་ཁང་གི་ལས་བྱེད་པ་༡༥༠༠་གནས་དབྱུང་བཏང་ཡོད། སྲིད་བློན་ལས་ཁུངས་ཀྱི་ལས་བྱེད་པ་༢༥༧་ཕྱིར་ཕུད་བྱས་པ་ཡིན། ཏུར་ཀིའི་དམག་མི་སྟོང་ཕྲག་༦་འཛིན་བཟུང་བྱས་པ་དང་ཉེན་རྟོག་པ་སྟོང་ཕྲག་༩་ལྷག་ལས་གནས་ནས་ཕྱིར་ཕུད་བྱས་པ་ཡིན། ཁྲིམས་དཔོན་སྟོང་ཕྲག་༣་ལ་གནས་སྐབས་རིང་ཁྲིམས་ཞིབ་ཀྱི་ལས་ཀ་མཚམས་འཇོག་བྱེད་དུ་བཅུག་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག ཡིན་ནའང་སྲིད་འཛིན་ཨེར་དྷོ་གྷན་ད་དུང་ཡང་དོགས་པ་མ་སངས་པ་དང་བློ་འཚབ་ཡོད་པ་འཇགས་ཐུབ་ཀྱི་མེད་པ་སྟེ། ཁོང་གིས་རང་གི་རྒྱབ་སྐྱོར་པ་ཚོ་མུ་མཐུད་དུ་སྲང་ལམ་ནང་དུ་ཐོན་ནས་ལམ་ལྷོང་མ་བྱུང་བའི་དམག་གི་སྲིད་འགྱུར་ལ་ངོ་རྒོལ་བྱ་དགོས། མི་མང་གིས་ཏུར་ཀི་རྒྱལ་ཁབ་ཀྱི་རང་དབང་དང་དམངས་གཙོའི་ལམ་ལུགས་ལ་སྲུང་སྐྱོབ་བྱས་ནས་ཉེས་ཅན་པ་རྣམས་རྩ་མེད་དགོས་ཞེས་སྐུལ་སློང་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་ཨེར་དྷོ་གྷན་གྱི་རྒྱབ་སྐྱོར་པ་ཚོས་སྲིད་འགྱུར་ལ་འབྲེལ་བ་ཡོད་པའི་ཉེས་ཅན་པ་ཚོར་སྲོག་ཁྲིམས་གཅོད་དགོས། ཏུར་ཀིའི་རྩ་ཁྲིམས་སུ་བསྐྱར་དུ་སྲོག་ཁྲིམས་ཀྱི་དོན་ཚན་དེ་འགོད་དགོས་ཞེས་སྐད་འབོད་བྱས་ཏེ། གཟའ་འཁོར་སྔོན་མར་ལམ་ལྷོང་མ་བྱུང་བའི་དམག་གི་སྲིད་འགྱུར་དེའི་ཕུགས་སུ་ཨ་མི་རི་ཀར་བཙན་བྱོལ་དུ་ཡོད་པའི་ཆོས་དཔོན་གྷུ་ལན་ཡོད། ཨ་མི་རི་ཀས་ངེས་པར་དུ་ཆོས་དཔོན་གྷུ་ལན་ཏུར་ཀི་གཞུང་ལ་རྩིས་སྤྲོད་བྱ་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡོད་རུང་། ཆོས་དཔོན་གྷུ་ལན་གྱིས་ང་ལམ་ལྷོང་མ་བྱུང་བའི་ཏུར་ཀིའི་དམག་གི་སྲིད་འགྱུར་ལ་འབྲེལ་བ་གང་ཡང་མེད། ཏུར་ཀི་གཞུང་གིས་ང་སྲིད་འགྱུར་དེར་འབྲེལ་བ་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་སྟོན་དགོས་ཞེས་ལན་འདེབས་བྱེད་ཀྱི་ཡོད་པ་མ་ཟད། ཨ་མི་རི་ཀའི་གཞུང་གིས་ཀྱང་ཏུར་ཀིའི་གཞུང་ལ་ཆོས་དཔོན་གྷུ་ལན་སྲིད་འགྱུར་དེའི་ཕུགས་སུ་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་ཡོད་ཚེ། ཨ་མི་རི་ཀས་ཆོས་དཔོན་གྷུ་ལན་ཏུར་ཀི་གཞུང་ལ་རྩིས་སྤྲོད་བྱ་ཆོག་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG