ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་གྲོས་ཚོགས་གོང་འོག་གི་དབུ་ཁྲིད་ཚོས་༧གོང་ས་མཆོག་མཇལ་འཕྲད་ཞུ་རྒྱུ་ཡིན་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་རིང་ཨ་རིའི་གྲོས་ཚོགས་ལ་ཕེབས་ནས་གྲོས་ཚོགས་གོང་འོག་གི་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག་པ་དང་། དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་གསར་ཤོག་འདི་ པོ་ལི་ཀྲི་ཀོ་ཞེས་པས་གནས་ཚུལ་སྤེལ་བའི་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་པཱོལ་ རྱན་དང་མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་དབུ་ཁྲིད་ལྕམ་ནན་སི་ པི་ལོ་སི་གཉིས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་བཀའ་བསྡུར་ཞུ་རྒྱུ་མ་ཟད། ཉིན་དགུང་གུས་བསུའི་གསོལ་སྟོན་འདེགས་འབུལ་ཞུ་རྒྱུ་རེད་ཅེས་གནས་ཚུལ་སྤེལ་འདུག་པ་དང་། གསར་ཤོག་དེའི་ནང་མུ་མཐུད་བཀོད་དོན་ལ་ ཉིན་དགུང་གསོལ་སྟོན་དེའི་ནང་གྲོས་ཚོགས་གོང་འོག་གི་གནད་ཡོད་འཐུས་མི་སུམ་ཅུ་ཙམ་ལྷན་བཞུགས་གནང་རྒྱུ་མ་ཟད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཨ་རིའི་གློག་བརྙན་འཁྲབ་སྟོན་སྙན་གྲགས་ཅན་རི་ཅརྜ་ གེར་ཡང་ལྷན་བཞུགས་གནང་གི་རེད་ཅེས་གནས་ཚུལ་སྤེལ་འདུག ལྕམ་ནན་སི་ པི་ལོ་སིས་གསུངས་པར་གཞིགས་ན་སྲིད་འཛིན་ཨོ་བྷ་མ་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་འཆར་ཡོད་པ་རེད།

XS
SM
MD
LG