ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཞིན་ཅང་དང་པ་ཀི་སི་ཐན་གྱི་ཚོང་ལས་གྲོས་མཐུན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་འཁོར་འདིར་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཁྲུན་ཤེན་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་ལ་ཉི་མ་བཞིའི་འཚམས་འདྲིར་ཕེབས་ཏེ། ཁོང་ལ་པ་ཀི་སི་ཐན་གྱི་སྲིད་བློན་ན་ཝ་ཟི་ཤ་རིབ་ཀྱིས་ཐུག་འཕྲད་གྲོས་མོལ་བྱས་པ་དང་། ཀྲང་ཁྲུན་ཤེན་གྱིས་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཡུན་རིང་གི་མཐུན་གྲོགས་དང་འགྱུར་བ་མེད་པའི་གྲོགས་པོ། ཁྱིམ་མཚེས་བཟང་པོ་དང་སྤུན་གྲོགས། རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཟླ་གྲོགས་ཀྱང་ཡིན་ཞེས་བསྔགས་བརྗོད་ཚད་མེད་བྱས་ཡོད་ཅིང་། ཞིན་ཅང་གི་བཟོ་ཚོང་ལས་ཁང་ཁག་གིས་པ་ཀི་སི་ཐན་ལ་ཨ་སྒོར་དུང་ཕྱུར་༢༠་ཐམ་པ་མ་རྩ་བཙུགས་ནས་རྒྱལ་ཁབ་དེའི་རྨང་གཞི་མཐུན་རྐྱེན་དང་ཉི་གློག་གསར་འཛུགས། དམག་དོན་མཐུན་རྐྱེན་ཁག་འཛུགས་སྐྲུན་བྱ་རྒྱུ་དང་། པ་ཀི་སི་ཐན་གྱི་རང་གི་ས་ཐོག་བརྒྱུད་ནས་རྒྱ་ནག་གི་དངོས་ཟོག་རྣམས་དཀྱིལ་ཤར་ས་ཁུལ་དང་ཡུ་རོབ་ལ་སྐྱེལ་འདྲེན་བྱེད་དུ་འཇུག་རྒྱུའི་གྲོས་མཐུན་བྱུང་བ་མ་ཟད། སྔ་ལོ་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀྱིས་ཨ་སྒོར་དུང་ཕྱུར་༤༦༠་ཐམ་པའི་ཚོང་ལས་གན་རྒྱ་ཞིག་ལ་མིང་རྟགས་བཀོད་པ་དང་། རྒྱ་ནག་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་ཤུར་ལམ་རིང་མོ་ཞེས་པ་ཞིག་འཛུགས་སྐྲུན་བྱ་རྒྱུ། དཔལ་འབྱོར་ཤུར་ལམ་རིང་མོ་དེ་ཞིན་ཅང་ནས་པ་ཀི་སི་ཐན་གྱི་གྷ་ཝ་དྷ་གྲུ་ཁའི་ཨ་རབ་རྒྱ་མཚོ་བར་དུ་མཐུད་རྒྱུ་དང་། པ་ཀི་སི་ཐན་གཞུང་གིས་གྷ་ཝ་དྷ་གྲུ་ཁར་རྒྱ་ནག་ལ་རང་དབང་ཚོང་ལས་ཀྱི་ཁོར་ཡུག་སྤྲོད་རྒྱུ། རྒྱ་ནག་གིས་ཞིན་ཅང་ས་ཁུལ་ནས་པ་ཀི་སི་ཐན་བརྒྱུད་དེ་ཨ་རབ་མཚོ་ཁ་བར་དུ་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུ་དང་། ཨ་རབ་མཚོ་ཁ་ནས་པ་ཀི་སི་ཐན་བརྒྱུད་དེ་ཞིན་ཅང་ལ་རྡོ་སྣུམ་དང་རང་བྱུང་སོལ་རླངས་འདྲེན་པའི་ལྕགས་སྦུག་འཐེན་རྒྱུའི་དམིགས་ཡུལ་ཆེན་པོ་ཞིག་བཅངས་འདུག ཕྱི་ཟླ་༤་ཚེས་༨་ཉིན་ཀྲང་ཁྲུན་ཤེན་གྱིས་ལོ་ཤས་གོང་ནས་ཞིན་ཅང་གི་བདེ་འཇགས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། པ་ཀི་སི་ཐན་གྱི་མཐའ་མཚམས་ཁག་གི་འཇིགས་སྐུལ་རིང་ལུགས་པ་དང་མཐའ་ལྷུང་རིང་ལུགས་པ། ཁ་བྲལ་རིང་ལུགས་པ་རྣམས་ཞིན་ཅང་ལ་སིམ་འཛུལ་བྱས་ནས་ཟིང་འཁྲུག་སློང་གི་ཡོད། ཁོ་ཚོས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ལ་ཟིང་འཁྲུག་བསླངས་ནས་རྒྱ་ནག་ཁ་བྲལ་དང་རྒྱ་ནག་གི་མི་རིགས་མཐུན་ལ་གཏོར་བརླག ཞིན་ཅང་གི་སྤྱི་ཚོགས་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་གི་ཡོད་ཅེས་བཤད་ཀྱང་ཡུ་གུར་པ་དང་འཇིགས་སྐུལ་རིང་ལུགས་པ་ཚོ་འབྲེལ་བ་ཇི་ལྟར་ཡོད་མེད་རྒྱ་ནག་གཞུང་གིས་ར་སྤྲོད་གསལ་བོ་ཞིག་བྱེད་ཐུབ་ཀྱི་མེད་པ་རེད།།

XS
SM
MD
LG