རེས་གཟའ་ལྷག་པའི་ཉིན་ བལ་ཡུལ་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ ལུང་ཁུག་རི་བརྒྱུད་ས་ཁུལ་ཞིག་ཏུ་ས་ལ་ལྷུངས་ཏེ་འཐོར་བཤིག་ཏུ་ཕྱིན་ཡོད་པ་དང་ དེའི་ནང་ལས་བྱེད་དང་ འགྲུལ་པ་བསྡོམས་པའི་ཁྱོན་མི་གྲངས་༢༣ཡོད་པ་དེ་དག་ཚང་མར་སྲོག་སྐྱོན་བྱུང་ཡོད་ལུགས་ ཡུལ་དེའི་མཁའ་འགྲུལ་བློན་ཆེན་གྱིས་གསལ་བསྒྲགས་བྱས་པ་དང་འབྲེལ་ ད་ལྟ་དེ་གར་སྲོག་སྐྱོབ་ལས་དོན་རུ་ཁག་འབྱོར་ཏེ་ ཕུང་པོ་བསྡུ་རུབ་བྱ་རྒྱུ་སོགས་ཛ་དྲག་གི་ལས་དོན་ཁག་བྱེད་བཞིན་པ་རེད་ཅེས་བརྗོད་འདུག་ དེ་ཡང་ བལ་ཡུལ་གྱི་རིག་གཞུང་དང་ ཡུལ་སྐོར་སྤྲོ་འཆམ་ དེ་བཞིན་ མཁའ་འགྲུལ་བཅས་ཀྱི་ལས་དོན་བློན་ཆེན་ཨཱ་ནན་དྷ་ པཱ་རཱ་སདྷ་ པོ་ཀཱ་རེལ་གྱིས་ འགྲུལ་སྐྱེལ་གནམ་གྲུ་ཆུང་ཆུང་དེའི་ཆག་རོ་ ནུབ་ཕྱོགས་རྫོང་སྡེ་མཱ་ཡག་དྷི་ནང་རྙེད་སོན་བྱུང་ཡོད་པ་དང་ དེའི་མཐའ་འཁོར་དུ་སྲོག་སྐྱོན་བྱུང་བ་རྣམས་ཀྱི་ཕུང་པོ་གང་སར་འཐོར་ཏེ་ མི་ངོ་ཐག་ཆོད་རྒྱུ་ད་ལྟའི་ཆར་ཁག་པོ་ཡོད་ལུགས་ སྲོག་སྐྱོབ་ལས་མི་ཚོས་འགྲེལ་བརྗོད་བྱེད་ཀྱི་འདུག་སྟབས་ ང་ཚོས་ཁུལ་དེར་བདེ་འཇགས་མི་སྣ་ལ་སོགས་པ་དེ་བས་མང་བ་མངགས་གཏོང་བྱས་ཏེ་ གནས་ཚུལ་མང་ཙམ་ཞིག་ཤེས་རྟོགས་ཡོང་ཐབས་བྱ་རྒྱུ་ཡིན་ཞེས་ གསར་འགོད་པ་རྣམས་ལ་འགྲེལ་བརྗོད་བྱས་ཡོད་འདུག